ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང“ཐཱན་གཉིས”ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོ་ནི་རང་རྒྱལ་གྱི་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་དམིགས་ཚད་བཏོན་ནས་ལོ་ལྔ་འཁོར་བ་རེད། ཚེས10ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གྲོས་ཞིབ་བྱ་རྒྱུར་ཕུལ་ཡོད། 

སྐྱེ་ཁམས་ཁོར་ཡུག་པུའུ་ཡི་པུའུ་ཀྲང་ཧོང་རུན་ཆིའུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་སྙན་ཞུ་གནང་སྐབས་མཚམས་སྦྱོར་བྱེད་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དེ་རྒྱལ་ཁབ་བཅོས་སྐྱོང་གི་སྔར་ལས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ཡོང་བའི་འཐབ་ཇུས་གལ་ཆེན་བཟོས་ཤིང་།“ཐཱན་གཉིས”ལས་དོན་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ཁྱོན་ཡོངས་ཀྱི་བཀོད་སྒྲིག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་བཅུག་ཡོད་ཟེར། 

སྙན་ཞུ་ལས་མངོན་པ་ལྟར་ན། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་ཆེས་ཆེ་ཤོས་དང་འཕེལ་རྒྱས་ཆེས་མགྱོགས་ཤོས་ཀྱི་བསྐྱར་སྐྱེས་ནུས་རྒྱུའི་མ་ལག་བཙུགས་པ་དང་། གོ་ལ་ཧྲིལ་པོའི་ཆེས་ཆེ་ཤོས་དང་ཆེས་ཆ་ཚང་ཤོས་ཀྱི་ནུས་རྒྱུ་གསར་པའི་ཐོན་ལས་འབྲེལ་ཐག་བསྐྲུན་ཡོད་ལ། གོ་ལ་ཧྲིལ་པོའི་གསར་སྣོན་ལྗང་མདོག་རྒྱ་ཁྱོན་གྱི་བཞི་ཆ་གཅིག་ལེགས་སྐྱེས་སུ་ཕུལ་ཡོད། ཐཱན་གྱི་དྲག་ཚད་ཆག་པ་དང་འགྱུར་རྡོ་མིན་པའི་ནུས་ཁུངས་འཛད་སྤྱོད་ཀྱིས་ཟིན་པའི་བསྡུར་ཚད་དམིགས་ཚད་ལེགས་གྲུབ་བྱུང་ཚུལ་ནི་ཕལ་ཆེར2030ལོའི་རྒྱལ་ཁབ་ཀྱི་རང་བདག་སྐྱེས་འབུལ(NDC)དམིགས་ཚད་ཀྱི་སྔོན་དཔག་མྱུར་ཚད་དང་མཐུན་པ་དང་། རླུང་ཤུགས་དང་ཉི་ནུས་གློག་འདོན་གྱི་སྤྱིའི་འཕྲུལ་འཁོར་སྒྲིག་སྦྱོར་ཤོང་ཚད་དང་ནགས་ཚལ་གསོག་ཚད་བཅས་ཀྱིས2030ལོའིNDCདམིགས་ཚད་དེ་སྔ་སྣུར་དུ་ལེགས་གྲུབ་བྱས་ཡོད། 

སྙན་ཞུའི་ནང་བསྟན་དོན། ནུས་རྒྱུ་དང་ཐོན་ལས་ཕྱོགས་སྒྱུར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། 2025ལོའི་ཟླ6པའི་ཟླ་མཇུག་བར། འགྱུར་རྡོ་མིན་པའི་ནུས་ཁུངས་སྒྲིག་སྦྱོར་འཕྲུལ་འཁོར་གྱི་འཕྲུལ་འཁོར་སྒྲིག་སྦྱོར་ཤོང་ཚད་བསྡོམས་འབོར་གྱི་བསྡུར་ཚད་ཀྱི60.9%ཟིན་ཡོད་པ་རེད། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”ནས་བཟུང་འོད་ཤུགས་ལྷུ་ལག་དང་ལིས་གློག་གཡུའི་ཐོན་ཚད་སོ་སོར་ལྡབ3.7དང་ལྡབ6.4ཡན་འཕར་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་ལོ10ལ་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོ་ཡིན་པ་རེད། དུས་མཚུངས་སུ་ཐོན་ལས་ཀྱི་གྲུབ་ཆ་ཇེ་ལེགས་སུ་གཏོང་བ་དང་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་ཡོད། 

གཙོ་གནད་ཁྱབ་ཁོངས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་། 2024ལོར་གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་བསྐྲུན་པའི་ལྗང་མདོག་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་དུང་ཕྱུར16.9ཡིན་པ་དེས་ལོ་དེའི་གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་བསྐྲུན་པའི་འཛུགས་སྐྲུན་རྒྱ་ཁྱོན་གྱི97.9%ཟིན་ཡོད། དྭངས་གཙང་དང་ཐཱན་ཉུང་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་བཙུགས་པ་དང་། 2024ལོར་གཙོ་གནད་ལས་རིགས་ཀྱི་དངོས་ཟོག་འབོར་ཆེན་གྱི་དྭངས་གཙང་སྐྱེལ་འདྲེན་བྱེད་པའི་བསྡུར་ཚད70%ཙམ་ཡིན་ལ། དམངས་སྤྱོད་མཁའ་འགྲུལ་ལྗང་མདོག་ཕྱོགས་སྒྱུར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། དེ་དང་ཆབས་ཅིག རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་ར་རིམ་བཞིན་འཐུས་ཚང་དུ་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་དང་འཚམ་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རྨང་གཞིའི་ནུས་པ་བརྟན་རླིང་ངང་སྲ་བརྟན་དུ་གཏོང་བ། ཚན་རྩལ་གསར་གཏོད་དང་སྲིད་ཇུས་ཀྱི་སྐུལ་ལྕག་ལ་མུ་མཐུད་དུ་ཤུགས་སྣོན་པ་བཅས་ཀྱིས་ཀྲུང་གོས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། 

སྙན་ཞུའི་ནང་བསྟན་དོན། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། ཧུར་ཐག་གིས་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ཡོང་བར་སྐུལ་འདེད་གཏོང་བ། 2035ལོའིNDCདམིགས་ཚད་བཟོ་འགོད་དང་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ། ལྗང་མདོག་ཐཱན་ཉུང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པར་བྱེད་དགོས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།