ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་གོ་ཆིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་ཚེས8ནས་ཚེས10བར་སི་ཁྲོན་ཞིང་ཆེན་དུ་ཐོན་ལས་གསར་གཏོད་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་འགོད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཐོན་ལས་གསར་གཏོད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་གསོ་སྐྱོང་བྱེད་དགོས། 

ཁྲེང་ཏུའུ་གྲོང་ཁྱེར་དང་མེན་དབྱང་གྲོང་ཁྱེར་དུ། ཀྲང་གོ་ཆིང་སྔ་རྗེས་སུ་ཀྲུང་གོའི་ཤར་ཕྱོགས་གློག་ཤུགས་ཚོགས་པ་དང་། སི་ཁྲོན་ལིང་ཁུང་ཐེན་ཞིང་ཚན་རྩལ་ཚད་ཡོད་ཀུང་སི། ཁྲང་ཧུང་རིག་ནུས་བཟོ་སྐྲུན་ཐོན་ལས་གླིང་སོགས་ཁེ་ལས་སུ་ཕེབས་ནས། ཚོད་ལྟ་ཁང་དང་བཟོ་གྲྭའི་འཁོར་ཁང་དུ་གཏིང་ཟབ་ཏུ་ཕྱིན་ནས་ཐོན་སྐྱེད་གཉེར་སྐྱོང་དང་། ཞིབ་འཇུག་གསར་སྤེལ། ཚུལ་སྒྱུར་རིམ་སྤོར་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། ཁོང་གིས་ནན་གྱིས་བསྟན་དོན། ཁེ་ལས་ཀྱི་གསར་གཏོད་གཙོ་གཞིའི་གནས་བབ་ཆེ་རུ་གཏོང་བ་དང་། གསར་གཏོད་རྒྱུ་རྐྱེན་སྣ་ཚོགས་ཁེ་ལས་སུ་གཅིག་སྡུད་བྱ་རྒྱུར་སྐུལ་འདེད་གཏོང་བ། ཁེ་ལས་ཀྱིས་ལག་རྩལ་ཞིབ་འཇུག་གསར་སྤེལ་ལ་མ་འཇོག་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། སྐུལ་སློང་འགན་སྲུང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། གསར་གཏོད་ལག་རྩལ་གྱི་འབྱུང་ཁུངས་དང་ཐོན་ལས་གསར་གཏོད་ཀྱི་སྟོབས་ཤུགས་གསར་པ་ཧུར་ཐག་གིས་གཏོད་དགོས། སྐས་རིམ་གསོ་སྐྱོང་མ་ལག་འཐུས་ཚང་དུ་བཏང་སྟེ། ལྟེ་བའི་ལག་རྩལ་གྱི་ནུས་པ་འབུར་ཐོན་དང་འདུས་གྲུབ་གསར་གཏོད་ཀྱི་ནུས་པ་ཆེ་བའི་ཐོན་ལས་སྣེ་ཁྲིད་ཁེ་ལས་ཁག་གཅིག་གསོ་སྐྱོང་བྱེད་པ་དང་། ཆེད་ལས་སྤུས་ལེགས་དང་དམིགས་བསལ་གྱི་ཁེ་ལས་འབྲིང་ཆུང་གསར་པ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་རྐྱང་པའི་ཨང་དང་པོ་ཐོབ་པའི་ཁེ་ལས་དང་ཁྱད་ལྡན་ཁེ་ལས་དེ་བས་མང་པོ་བསྐྲུན་ནས། ཁེ་ལས་ཆེ་འབྲིང་ཆུང་གསུམ་མཉམ་འདྲེས་གསར་གཏོད་དང་མཐུན་སྦྱོར་འཕེལ་རྒྱས་ཀྱི་སྐྱེ་ཁམས་བཟང་པོ་ཆགས་པར་བྱ་དགོས། 

ཀྲང་གོ་ཆིང་གིས་ནན་གྱིས་བསྟན་དོན། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་དང་དངོས་ཚན་དཔལ་འབྱོར་རྨང་གཞིར་བྱས་ནས། ཐོན་ལས་གསར་གཏོད་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། ཐོན་ལས་ཀྱི་དགོས་མཁོར་ཁ་ཕྱོགས་ནས་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་དང་མདུན་གྲལ་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་། འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་དང་དེང་རབས་བཟོ་སྐྲུན་ལག་རྩལ། མགོ་རྟིང་རང་བཞིན་གྱི་ལག་རྩལ་གསར་གཏོད་བཅས་ལ་སྐུལ་འདེད་བཏང་ནས། ཐོན་ལས་འཕེལ་རྒྱས་ཀྱི་ཚན་རྩལ་རྨང་གཞི་བརྟན་པོ་འཛུགས་དགོས། མཉེན་ཆས་དང་མཁྲེགས་ཆས་གསར་གཏོད་དང་ཚད་གཞི་བཟོ་རྒྱུར་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། མཁྲེགས་ཆས་འདོན་པ་དང་མཉམ་དུ་མཉེན་ཆས་དང་ཚད་གཞི་འདོན་པ་དང་། རང་བདག་ཚོད་འཛིན་ཐུབ་པ་དང་བདེ་འཇགས་བློས་འགེལ་ཆོག་པའི་ཐོན་ལས་ཕྲེང་སྦྲེལ་དང་མཁོ་སྤྲོད་ཕྲེང་སྦྲེལ་གཏོད་དགོས། ཆུ་ཚད་མཐོ་བའི་ཐོན་ལས་ཞབས་ཞུའི་སྟེགས་བུ་བསྐྲུན་ནས། ཚོད་ལྟའི་ར་སྤྲོད་དང་ཚད་འཇལ་ཚད་གཞི། ཞིབ་དཔྱད་ཚད་ལེན་སོགས་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་། གསར་གཏོད་ཀྱི་གྲུབ་འབྲས་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་བ་ཇེ་མགྱོགས་སུ་གཏོང་དགོས། ལག་རྩལ་སྤོ་སྒྱུར་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ལག་རྩལ་ཤེས་པ་དང་ཐོན་ལས་ཤེས་པ། ཁྲོམ་ར་ཤེས་པའི་ཚན་རྩལ་བར་ཁེ་བ་ཁག་གཅིག་གསོ་སྐྱོང་བྱས་ཏེ། ལག་རྩལ་ཉོ་ཚོང་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་མཁོ་སྤྲོད་དང་ཐོན་ལས་ཀྱི་དགོས་མཁོ་ནུས་ཆེའི་སྒོ་ནས་སྙོམ་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཉེར་སྤྱོད་ཀྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ། ཐོག་མ(ཆ་ཚང་)དང་། ཐེངས་དང་པོ། པར་གཞི་དང་པོ་སོགས་རྒྱབ་སྐྱོར་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ཏེ། གསར་གཏོད་ཐོན་རྫས་རིམ་བསྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། གསར་གཏོད་ལ་བརྟེན་ནས་ཉེར་སྤྱོད་སྣེ་ཁྲིད་དང་བཀོལ་སྤྱོད་ལ་བརྟེན་ནས་གསར་གཏོད་སྐུལ་འདེད་གཏོང་བའི་འཁོར་སྐྱོད་བཟང་པོ་ཆགས་པར་བྱེད་དགོས། 

དེའི་རིང་། ཀྲང་གོ་ཆིང་ད་དུང་སི་ཁྲོན་ཐེན་ཝུའེ་ཟས་རིགས་ཚོགས་པར་ཕེབས་ནས་ཟས་རིགས་བདེ་འཇགས་ལས་དོན་ལ་རྟོག་ཞིབ་བྱས་པ་རེད། ཁོང་གིས་ནན་གྱིས་བསྟན་དོན། “ཆེས་གཟབ་ནན་བཞིའི”བླང་བྱ་བཟའ་བཅའ་ཐོན་སྐྱེད་དང་འཁོར་རྒྱུག གསོག་འཇོག འཛད་སྤྱོད་བཅས་ཀྱི་ལྷུ་ཚིགས་ཁག་ཏུ་ཁྱབ་པར་བྱེད་པ་དང་། རྒྱུན་གཏན་དུ་དམ་འཛིན་དང་དུས་རྒྱུན་དུ་གཟབ་ནན་བྱས་ནས། འབྲེལ་ཐག་ཡོངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། བཟའ་བཅའ་བདེ་འཇགས་ཀྱི་འགོག་སྲུང་ཚད་ཐིག་བརྟན་པོ་འཛུགས་དགོས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།