ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་ཞེ་གཅིག་པའི་དགེ་རྒན་དུས་ཆེན་གྱི་ཉིན་མོ་ཐོན་ལ་ཉེ་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དམིགས་བསལ་ལས་གནས་ཀྱི་དགེ་རྒན་གྱི་འཐུས་མིར་འཕྲིན་ལན་སྤྲིངས་ནས་ཐུགས་རེ་ནན་མོ་བཏོན་པ་མ་ཟད། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་བྱ་བ་སྒྲུབ་མཁན་ཡོངས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས། སློབ་གསོ་སྟོབས་ལྡན་དུ་གཏོང་དགོས་ན་ཐོག་མར་དགེ་རྒན་སྟོབས་ཆེར་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་ནས། དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དེ་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་བྱ་བ་གལ་ཆེན་དུ་བརྩིས་ཏེ་དམ་འཛིན་བྱེད་དགོས་པ་ནན་གྱིས་བསྟན་ཡོད།
སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། རྒྱལ་ཡོངས་སློབ་གསོའི་འཐབ་ཕྱོགས་སྟེང་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ། སློབ་གསོ་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དུས་རབས་གསར་པའི་ཆུ་ཚད་མཐོ་བའི་དགེ་རྒན་དཔུང་སྡེ་གསོ་སྐྱོང་བྱས་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཐད་འཇོན་མིའི་རྨང་གཞི་བརྟན་པོ་འདིང་བར་འབད་བརྩོན་བྱེད་དགོས། དམིགས་བསལ་ལས་གནས་ཀྱི་འཆར་གཞི་ནི་རྒྱལ་ཁབ་ཀྱིས་ཆེད་དུ་དབུས་ནུབ་རྒྱུད་ཀྱི་ཞིང་སྡེའི་སློབ་གྲྭར་རོགས་སྐྱོར་བྱེད་པའི་ཤེས་ལྡན་པའི་ལས་གཞི་ཞིག་ཡིན། ལོ་ཉི་ཤུའི་རིང་ལག་བསྟར་བྱས་ནས། ཕུགས་བསམ་ལྡན་པའི་གཞོན་ནུ་ས་ཡ་གཅིག་དང་འབུམ་གཅིག་ཁྲི་བརྒྱད་བཀུག་ནས་ཞིང་སྡེའི་སློབ་གསོའི་ནང་ཞུགས། ད་ལོའི་དགེ་རྒན་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་བས། མཐའ་མཚམས་གཞི་རིམ་སློབ་གྲྭ་ནས་ཡོང་བའི་དམིགས་བསལ་ལས་གནས་ཀྱི་དགེ་རྒན་འཐུས་མི་དང་རྒྱ་ཆེའི་དམིགས་བསལ་ལས་གནས་ཀྱི་དགེ་རྒན་ཚོའི་སེམས་ལ་དྲོད་ཀྱིས་ཁེངས་ཤིང་སྐུལ་ལྕག་ཆེན་པོ་ཐེབས།
དམིགས་བསལ་ལས་གནས་ཀྱི་དགེ་རྒན་གྱི་འཐུས་མི། ཀུའེ་ཀྲོའུ་ཞིང་ཆེན་ལིའུ་ཕན་ཧྲུའེ་གྲོང་ཁྱེར་ཀྲུང་ཧྲན་ས་ཁུལ་ཏ་ཝན་གྲོང་རྡལ་ཧའེ་ཀ་སློབ་ཆུང་གི་དགེ་རྒན་ཀུའུ་ཡ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་འབྱོར་སྐབས་ང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་། སྤྱི་ཁྱབ་ཧྲུའུ་ཅིས་ཐོག་མཐའ་བར་གསུམ་དུ་ཞིང་སྡེའི་སློབ་གསོར་ཐུགས་ཁུར་ཆེན་པོ་གནང་གིན་ཡོད་པ་ཚོར་བྱུང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སློབ་གསོའི་ལས་དོན་ལ་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་བྱུང་བ་དང་། ང་ཚོ་ཧའེ་ཀ་སློབ་ཆུང་ལའང་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་། འགྱུར་ལྡོག་དེ་དག་གི་རྒྱབ་ཏུ་ཏང་དང་རྒྱལ་ཁབ་ཀྱིས་ཞིང་སྡེའི་སློབ་གསོར་ཚད་མཐོའི་མཐོང་ཆེན་གནང་བ་དང་ཁ་འབྲལ་ཐབས་མེད་ལ། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅིས་དགེ་རྒན་ཚོགས་སྤྱིར་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་དང་ཁ་འབྲལ་ཐབས་མེད་ཟེར།
དམིགས་བསལ་ལས་གནས་ཀྱི་དགེ་རྒན་གྱི་འཐུས་མི། ཧི་ནན་ཞིང་ཆེན་ཧྥེང་ཆིའུ་རྫོང་ཕན་ཏན་གྲོང་རྡལ་ཏ་ཞིན་ཀྲོང་སློབ་ཆུང་གི་དགེ་རྒན་རེན་མིང་ཅེ་ཡིས་བཤད་རྒྱུར། འཕྲིན་ལན་གྱི་ཡིག་འབྲུ་རེ་རེ་ལས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་དགེ་རྒན་རྣམས་ལ་མཐོང་ཆེན་དང་ཐུགས་ཁུར་གནང་བ་ཚོར་བྱུང་། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་སློབ་གསོའི་ཐོག་མའི་བསམ་འདུན་མུ་མཐུད་བརྟན་སྲུང་བྱས་ཏེ། དཔེ་ཁྲིད་མི་སྐྱོང་གི་འཇོན་ཐང་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་པ་དང་། བློ་སེམས་རྩེ་གཅིག་གིས་བྱིས་པ་ཚོ་སྐྱོན་བྲལ་ངང་འཚར་ལོངས་འབྱུང་བར་སྲུང་སྐྱོང་དང་ཁྲིད་སྟོན་བྱེད་དགོས་པའི་མངགས་བཅོལ་གནང་ཡོད་ལ། ང་ཚོར་མུ་མཐུད་མདུན་སྐྱོད་བྱས་ཏེ་ཞིང་སྡེའི་བྱིས་པ་ཚོར་སྔར་ལས་ཡངས་ཤིང་རྒྱ་ཆེ་བའི་མདུན་ལྗོངས་བསྐྲུན་དགོས་པའི་སྐུལ་མ་གནང་ཡོད་ཟེར།
ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཧི་ཐེན་ས་ཁུལ་མོ་ཡུས་རྫོང་ཡ་ཝ་ཡུལ་ཚོ་སློབ་ཆུང་གི་དམིགས་བསལ་ལས་གནས་ཀྱི་དགེ་རྒན་ཀུང་མའོ་ཅུས་ཀྱིས་བཤད་རྒྱུར། ལོ་འདི་དག་གི་རིང་། ང་ཚོ་ཞིང་སྡེའི་དགེ་རྒན་གྱི་ཟླ་ཕོགས་ལོ་རེ་བཞིན་ཇེ་མཐོ་ཡིན་ཏེ། འཇོན་མིའི་ཕོགས་སྣོན་དང་འཚོ་བའི་ཁ་གསབ། ལས་ཀའི་གོ་མིང་དཔྱད་བསྡུར་དང་གདན་ཞུ་སོགས་ཀྱི་སྲིད་ཇུས་མང་པོ་ཞིག་ང་ཚོ་ཞིང་སྡེའི་དགེ་རྒན་ལ་ཕྱོགས་ཡོད། ངས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས། ཁ་ཞེ་གཉིས་མེད་དང་བརྩེ་སེམས་ཟབ་མོས་བྱིས་པ་ཚོའི་མ་འོངས་པ་སྲུང་སྐྱོང་བཟང་པོ་བྱེད་རྒྱུ་ཡིན་ཟེར།
སློབ་གསོའི་ཇུས་ཆེན་གྱི་རྩ་བ་དགེ་རྒན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭར་ཐེངས་མང་ཕེབས་ནས་ཡུལ་དངོས་རྟོག་ཞིབ་གནང་། སློབ་གསོ་འདྲ་མཉམ་ཡོང་བ་ཐུགས་སུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅིས་ཞིང་སྡེའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གོ་གནས་སུ་བཞག་ནས། ཞིང་སྡེའི་བྱིས་པ་ཚང་མར་འདྲ་མཉམ་དང་སྤུས་ཚད་ལྡན་པའི་སློབ་གསོ་མྱོང་དུ་འཇུག་དགོས་ཞེས་བསྟན།
དགེ་རྒན་འཕེལ་རྒྱས་གཏོང་བར་མཐོང་ཆེན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིས་དགེ་རྒན་རྣམས་སློབ་མའི་སློབ་སྦྱོང་དང་ཀུན་སྤྱོད་ལ་ཁྲིད་སྟོན་བྱེད་པའི་དགེ་རྒན་བཟང་བོ་ཞིག་བྱེད་རྒྱུའི་སྐུལ་ལྕག་གནང་བ་དང་། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་དར་སྤེལ་གཏོང་དགོས་པ་དང་། བརྩེ་བ་དྲོན་མོས་རྒྱ་ཆེའི་དགེ་རྒན་རྣམས་ལ་བློ་སྦྱོང་མི་སྐྱོང་བྱེད་པར་སྐུལ་མ་གཏོང་དགོས་ཞེས་ནན་གྱིས་བསྟན།
ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། རྒྱལ་ཁབ་ཀྱིས་ཤུགས་ཆེན་པོས་དགེ་རྒན་གྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱས་པ་སྟེ། ཀྲུང་དབྱང་ནོར་སྲིད་ཀྱིས་བསྡོམས་པས་མ་དངུལ་སྒོར་ཐེར་ཆེན་བཞི་ཐེར་འབུམ་ལྔ་ཙམ་བཀོད་སྒྲིག་བྱས་ནས།དབུས་ནུབ་རྒྱུད་ས་ཁུལ་གྱི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས།
ད་ལོའི་སྟོན་ཁའི་སློབ་སྐབས་གསར་པར། སྐབས་དང་པོའི“ཕུལ་བྱུང་དགེ་རྒན་གྱི་འཆར་གཞིའི”མཐར་ཕྱིན་སློབ་མ་ཆིག་ཁྲི་ཙམ་ཁྲིད་སྟེགས་སུ་བུད་ཅིང་། འཆར་གཞི་དེ་ནི་གཙོ་གནད་སློབ་གླིང་གིས་དབུས་ནུབ་རྒྱུད་ཀྱི་འཕེལ་རྒྱས་ཞན་པའི་ས་ཁུལ་ལ་ཁ་ཕྱོགས་གཏན་འཁེལ་གྱིས་བྱང་ཚད་མཐོ་བའི་གཞི་རིམ་དགེ་རྒན་གསོ་སྐྱོང་བྱེད་རྒྱུ་དེ་རེད།
ཨན་ཧུའེ་ཞིང་ཆེན་པོ་ཀྲོའུ་གྲོང་ཁྱེར་ལིས་ཞིན་རྫོང་སློབ་འབྲིང་དང་པོའི་དགེ་རྒན་ཆིན་ཡ་ནན་གྱིས་བཤད་རྒྱུར། ལོ་གསུམ་གྱི་སྔོན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་ནས་ང་ཚོ་སློབ་མཐར་ཕྱིན་རྗེས་མེས་རྒྱལ་དང་མི་དམངས་ལ་དགོས་མཁོ་ཆེས་ཆེ་བའི་ས་ཆར་འགྲོ་དགོས་པའི་ལྕག་སྐུལ་གནང་། ད་ལྟ་ང་དགེ་རྒན་གྱི་ཁྲིད་སྟེགས་སུ་ལངས་ཡོད་ལ། ངས་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་བླ་མེད་གཤིས་རྒྱུད་སྦྱོང་བརྡར་བྱེད་པ་དང་། ལྷག་བསམ་ཟོལ་མེད་སྒོས་སློབ་མ་རེ་རེར་གཅེས་སྐྱོང་བྱ་རྒྱུ་ཡིན་ཟེར།
དགེ་རྒན་སྟོབས་ལྡན་གཏོང་དགོས་ན་ངེས་པར་དུ་སྔོན་ལ་བསམ་བློའི་སློབ་གསོ་ལེགས་པོ་གཏོང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱིས་སློབ་གསོ་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། སྤུས་ཚད་མཐོ་བའི་ཆེད་ལས་ཅན་དང་གསར་གཏོད་ཅན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།
ད་ལྟའི་བར། སློབ་གསོའི་ལས་སྒྲུབ་པ་བཅུ་ལྷག་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་མི་དམངས་སློབ་གསོ་པ་སོགས་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། དགེ་རྒན170ལྷག་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་ཁྲོད་དུ་བདམས། བསྡོམས་པས་དགེ་རྒན་ཚོགས་པ800རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་ཧོང་ཏ་ཉན་རྣམ་པའི་དགེ་རྒན་ཚོགས་པའི་གསར་གཏོད་དཔེ་སྟོན་ལས་གཞིའི་ཁྲོད་ཚུད་ཡོད།
རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་ཧོང་ཏ་ཉན་རྣམ་པའི་དགེ་རྒན་ཚོགས་པ་སྐོར་ཐེངས་གསུམ་པའི་འཐུས་ཚབ། ཀྲུང་གོ་ཞིང་ལས་སློབ་ཆེན་འཚོ་བཅུད་ཐོན་ཁུངས་བེད་སྤྱོད་དང་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཚོགས་པའི་འགན་ཁུར་པ་ཀྲང་ཧྥུའུ་སའོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་དགེ་རྒན་རྣམས་ལ་བཞི་ལྡན་དགེ་རྒན་བཟང་པོ་དང་ལམ་ཁྲིད་པ་བཞི་སོགས་ཀྱི་བླང་བྱ་བཏོན་ནས། ང་ཚོ་དགེ་རྒན་དམ་པ་ཞིག་ཏུ་འགྱུར་བའི་རེ་བ་བཅངས་ཡོད། ངས་ཏང་གི་ཆེད་དུ་མི་གསོ་སྐྱོང་བྱེད་པ་དང་རྒྱལ་ཁབ་ཀྱི་ཆེད་དུ་འཇོན་མི་གསོ་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་བློ་ལ་བརྟན་པོར་ངེས་ནས། ཚན་རྩལ་གྱི་སྒོ་ར་ཆུང་ཆུང་དེ་མི་གསོ་སྐྱོང་བྱེད་པའི་གཞི་རྟེན་དུ་བྱས་ཏེ། སྣེ་ཁྲིད་ནས་ཞིང་ཁ་དང་སྡེ་བ། ཞིང་ཁྱིམ་བཅས་སུ་བསྐྱོད་དེ་སློབ་མ་རྣམས་ཀྱིས་གྲོང་གསེབ་དར་སྤེལ་ལ་ཞབས་འདེགས་ཞུ་བའི་ཁྲོད་དམངས་འཚོ་ཤེས་རྟོགས་ཡོང་བ་དང་ཤེས་ཡོན་འཕེལ་བར་སྣེ་ཁྲིད་བྱེད་རྒྱུ་ཡིན་ཟེར།
ཧུའུ་ནན་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་ཨོའུ་དབྱང་ལིན་ཅང་གིས་བཤད་རྒྱུར། ལས་རིགས་སློབ་གསོའི་ལས་གནས་དང་པོའི་དགེ་རྒན་ཞིག་ཡིན་པའི་ཆ་ནས། ངས་ཧེ་བག་ཅུང་ཙམ་ཤོར་ནའང་བདེ་བར་གནས་མི་ཐུབ་པའི་བསམ་བློ་བཅངས་ཏེ། སློབ་མས་བློ་སྦྱོང་སྐབས་ཀྱི་ལམ་ཁྲིད་མཁན་བྱེད་པ་དང་། ལག་རྩལ་འཕེལ་རྒྱས་ཀྱི་རྗེས་སུ་དམ་པོར་འབྲངས་ནས་སྤུས་ཚད་མཐོ་བའི་ལག་རྩལ་འཇོན་མི་དང་ལག་ཤེས་པ། རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་བཅས་སྔར་ལས་མང་པོ་གསོ་སྐྱོང་བྱེད་དགོས་ཟེར།
མ་འོངས་པར་ཁ་ཕྱོགས་ན། སློབ་གསོ་གསར་གཏོད་དང་འཕེལ་རྒྱས་གཏོང་བའི་ལས་འགན་སྔར་ལས་གལ་ཆེ་བར་གྱུར་ཡོད། མིག་སྔར། སྡེ་ཁག་མང་པོས་མཉམ་དུ་སྤེལ་བའི་དགེ་རྒན་གྱི་སློབ་གསོའི་ནུས་པ་མཐོར་འདེགས་དང་། ཚན་རིག་དགེ་རྒན་གྱི་ཆེད་དོན་གསོ་སྦྱོང་། གྲངས་འཛིན་ཅན་ལ་བརྟེན་ནས་དགེ་རྒན་གྱི་འཕེལ་རྒྱས་ལ་ཤུགས་སྣོན་པའི་འགུལ་སྐྱོད་སོགས་ཀྱི་གཙོ་གནད་ལས་གཞིར་སྐུལ་འདེད་ནན་མོ་གཏོང་བཞིན་ཡོད། སྲིད་ཇུས་རེ་རེ་དང་རྨང་གཞི་བརྟན་གཏོང་གི་བྱ་སྤྱོད་རེ་རེ་དགེ་རྒན་བྱེ་བ་གཅིག་ས་ཡ་དགུ་ཙམ་གྱིས་འབད་འབུངས་ཡར་བརྩོན་བྱེད་པའི་སྒུལ་ཤུགས་སུ་གྱུར་ཡོད། གཞི་ཁྱོན་ཆེ་ཞིང་སྤུས་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་སྡེ་འདིས། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་སྡེ་ཁག་འདེགས་སྐྱོར་བྱས་ནས། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་འབེན་གྱི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད། །