ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས9ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པར་ཟུར་ཞུགས་བྱས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་བཞུགས་མོལ་བརྗེ་རེས་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཁྲིམས་འཛུགས་ལས་དོན་ཁྲོད་དམངས་ཆེན་འཐུས་མིའི་ནུས་པ་འདོན་སྤེལ་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པར་བློ་འདོན་ཇུས་འབུལ་བྱེད་པ་དང་། ཁྲིམས་འཛུགས་ཀྱི་ཐུན་མོང་ངོས་འཛིན་གཅིག་བསྡུས་དང་ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས།
བཞུགས་མོལ་ཚོགས་འདུའི་སྟེང་། འཐུས་མི་རྣམས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུར་དམིགས་ནས། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་རྩོམ་སྒྲིག་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་པ་དང་། བསམ་འཆར་དང་གྲོས་གཞི་བཏོན། ཀྲའོ་ལེ་ཅི་ཡིས་ནན་ཏན་སྒོས་གསན་པ་དང་། འཐུས་མི་དང་བསམ་བློ་བརྗེ་རེས་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མི་སེམས་སུ་ཟུག་ཡོད་པ་དེ་ནི་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་རྩ་བའི་བསྲུང་བྱ་ཡིན་ལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལག་ལེན་ཁྲོད་བདེན་དོན་གྱི་སྟོབས་ཤུགས་ཉིན་རེ་བཞིན་མངོན་བཞིན་ཡོད། དམངས་ཆེན་འཐུས་མི་དང་དམངས་ཆེན་ལས་བྱེད་པས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། འགན་སྒྲུབ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་སྒོས་དོན་འཁྱོལ་དམ་འཛིན་ལེགས་པོ་བྱེད་དགོས།
ཀྲའོ་ལེ་ཅི་ཡིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པ་ནི་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ཁྲིམས་འཛུགས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དམངས་གཙོ་ཁྲིམས་འཛུགས་དང་སྒོ་འབྱེད་ཁྲིམས་འཛུགས་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་གཞུང་འཆར་ཟིན་དེ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པར་མ་ཟད། འཐུས་མིའི་བྱ་བའི་ཆ་འཕྲིན་ཅན་གྱི་ལས་སྟེགས་བརྒྱུད་དེ་བསམ་འཆར་བསྡུ་ལེན་བྱས། འཐུས་མི་རྣམས་ཀྱིས་མུ་མཐུད་དུ་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པར་བློ་འདོན་ཇུས་འབུལ་བྱེད་པའི་རེ་བ་ཡོད།
ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་དམངས་ཆེན་འཐུས་མིའི་ནུས་པ་འདོན་སྤེལ་བྱ་རྒྱུ་ནི་གོ་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པའི་བླང་བྱ་ཡིན་པས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། ཏང་ཀྲུང་དབྱང་གི་སྲིད་དོན་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུར་དམིགས་ནས། རང་རྟོགས་སྒོས་སྤྱི་ཡོངས་དང་ཁྱོན་ཡོངས་ནས་མགོ་བརྩམས་ཏེ་འགན་འཁྲི་ལག་བསྟར་བྱེད་དགོས། མི་དམངས་མང་ཚོགས་དང་འབྲེལ་འདྲེས་དམ་ཟབ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཆེད་ལས་ཀྱི་ཁྱད་ཆོས་འདོན་སྤེལ་བྱེད་པར་དོ་སྣང་བྱས་ཏེ། ལག་ལེན་གྱི་བླང་བྱ་དང་མི་དམངས་ཀྱི་རེ་སྒུག་དེ་གྲོས་གཞི་དང་བསམ་འཆར། གྲོས་ཞིབ་བཅས་ཀྱི་གཏམ་བཤད་ཁྲོད་མཚོན་པར་བྱེད་དགོས། ཁྲིམས་འཛུགས་ཀྱི་གོ་རིམ་ཧྲིལ་པོའི་དྲིལ་བསྒྲགས་གསལ་འགྲེལ་དང་ཁྲིམས་ལུགས་ཁྱབ་གདལ་ལས་དོན་ལེགས་པོར་བསྒྲུབ་པར་གཞོགས་འདེགས་བྱས་ནས། འཐུས་མིའི་མཐོང་ཟུར་ནས་ཁྲིམས་འཛུགས་གཏམ་རྒྱུད་དང་དམངས་ཆེན་གྱི་གཏམ་རྒྱུད་ལེགས་པོར་བརྗོད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཧུང་ཀྲུང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་། །