ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཕོར་ཐི་གལ་གྱི་ཙུང་ལི་མོང་ཐི་ནེ་ཀི་ལུའོ་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ9པའི་ཚེས9ཉིན་གྱི་སྔ་དྲོར།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཕོར་ཐི་གལ་གྱི་ཙུང་ལི་མོང་ཐི་ནེ་ཀི་ལུའོ་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9ཚེས9ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཕོར་ཐི་གལ་གྱི་ཙུང་ལི་མོང་ཐི་ནེ་ཀི་ལུའོ་ལ་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཕོར་ཐི་གལ་ནི་ལོ་རྒྱུས་ཀྱི་རྨང་མཐུག་པའི་རྒྱལ་ཁབ་གཉིས་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྒོ་འབྱེད་དཀྱེལ་ཡངས་དང་ཡར་བརྩོན་རང་བདག་གི་བསམ་བློའི་ཁྱད་ཆོས་ལྡན།   ཕྱོགས་གཉིས་ཀྱིས་མཛའ་མཐུན་གྲོས་མོལ་བརྒྱུད་དེ་ཨའོ་མོན་གྱི་གནད་དོན་ཐག་གཅོད་འོས་འཚམ་བྱས།  ཉེ་བའི་ལོ་འགའི་རིང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་གལ་ཆེན་ཐོབ་ནས། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་རྒྱལ་ཁབ་ཀྱི་གནས་ཚུལ་མི་འདྲ་བའི་རྒྱལ་ཁབ་བར་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་གཉིས་རྒྱལ་གྱི་དཔེ་མཚོན་བསྐྲུན། ད་ལོ་ནི་ཀྲུང་གོ་དང་ཕོར་ཐི་གལ་བར་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་འཁོར20ལོན་པའི་ལོ་ཡིན།  ཀྲུང་གོ་ཕྱོགས་ཀྱིས་ཕོར་ཐི་གལ་ཕྱོགས་དང་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་ཡང་དག་པའི་ཁ་ཕྱོགས་དམ་འཛིན་བྱས་ནས།   ཀྲུང་གོ་དང་ཕོར་ཐི་ཀལ་གྱི་འབྲེལ་བ་ཡག་ཐོག་རྒྱན་བརྩེགས་ཡོང་བར་བྱེད་པ་དང་། མཐུན་སྒྲིལ་མཉམ་ལས་ལ་བརྟེན་ནས་རྒྱལ་ཁབ་གཉིས་དང་འཛམ་གླིང་འཕེལ་རྒྱས་ཡར་ཐོན་ཡོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འབུལ་འདོད།   ཕྱོགས་གཉིས་ཀྱིས་སྲོལ་རྒྱུན་མཛའ་མཐུན་རྒྱུན་འཁྱོངས་བྱས་ཏེ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས།   འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ཟབ་མོ་བྱས་ཏེ། གསར་གཏོད་དང་ལྗང་མདོག   རྒྱ་མཚོ།  སྨན་རྫས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པ་དང་།  ཨའོ་མོན་གྱི་ཐུན་མོང་མ་ཡིན་པའི་འབྲེལ་ཟམ་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་པ་དང་། ཀྲུང་གོ་དང་ཕོར་ཐི་གལ་སྐད་ཀྱི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་སོགས་ཀྱི་རྐྱེན་སྲོལ་བཀོལ་སྤྱོད་བཟང་བོ་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། རིག་གནས་དང་སློབ་གསོ།  ཡུལ་སྐོར།  ཚན་རིག་ཞིབ་འཇུག་བཅས་ཁྱབ་ཁོངས་ཀྱི་བརྗེ་རེས་ལ་སྐུལ་འདེད་བཏང་ནས།  མི་ཆོས་རིག་གནས་བརྗེ་རེས་ཟབ་མོ་བྱེད་དགོས།  རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་ཆེ་ན། ཀྲུང་གོ་དང་ཡོ་རོབ་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མཐུན་སྦྱོར་ལ་ཤུགས་སྣོན་དང་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ།  མཉམ་ལས་ཟབ་མོ་བཅས་བྱེད་དགོས།  ཕོར་ཐི་གལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་ཀྱི་གྲོགས་པོའི་འབྲེལ་བའི་གཏན་གནས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་རྒྱུན་མཐུད་བརྟན་འཇགས་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་རེ་བ་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་ལོ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་འཁོར80ལོན་པའི་ལོ་ཡང་ཡིན། འཛམ་གླིང་འགྱུར་ལྡོག་ཆེ་བའི་དུས་སྐབས་གསར་པ་ཞིག་ཏུ་སླེབས་པ་དང་། མིའི་རིགས་ཡང་བསྐྱར་ལོ་རྒྱུས་ཀྱི་བཞི་མདོ་རུ་ལངས་ཡོད།  ཀྲུང་གོ་ཕྱོགས་ཀྱིས་ཕོར་ཐི་གལ་ཕྱོགས་དང་ཕྱོགས་མང་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ཕྱོགས་མང་རིང་ལུགས་ངོ་མ་མཉམ་དུ་ལག་བསྟར་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པ། རང་མོས་ཉོ་འཚོང་སྒྲིག་སྲོལ་ལ་སྲུང་སྐྱོང་བཅས་བྱས་ནས། སྔར་ལས་དྲང་གཞག་ལུགས་མཐུན་གྱི་འཛམ་གླིང་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད།

ཟླ9པའི་ཚེས9ཉིན་གྱི་སྔ་དྲོར།   རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཕོར་ཐི་གལ་གྱི་ཙུང་ལི་མོང་ཐི་ནེ་ཀི་ལུའོ་ལ་ཐུག་འཕྲད་གནང་།

མོང་ཐི་ནེ་ཀི་ལུའོ་ཡིས་སྲིད་འཛིན་ཏི་སོ་སཱ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་བ་བརྒྱུད་སྒྲོག་བྱས། མོང་ཐི་ནེ་ཀི་ལུའོ་ཡིས་བསྟན་དོན། ཕོར་ཐི་གལ་དང་ཀྲུང་གོའི་འབྲེལ་བའི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། མ་འོངས་པར་ཁ་ཕྱོགས་ཡོད་ལ། རྒྱལ་ཁབ་གཉིས་ཀྱིས་མཛའ་མཐུན་གྲོས་མོལ་བྱས་པ་བརྒྱུད། ཨའོ་མོན་གྱི་གནད་དོན་ཐག་གཅོད་འོས་འཚམ་བྱས། འདས་ཟིན་པའི་ལོ25ཡི་རིང་གི་ཨའོ་མོན་གྱི་རྒྱལ་ཁའི་ལག་ལེན་ལས་ཕོར་ཐི་གལ་སྲིད་གཞུང་གིས་ལོ་དེར་ཐག་གཅོད་ཡང་དག་བྱས་པ་ར་སྤྲོད་བྱས་ཡོད།  ཕོར་ཐི་གལ་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་ལ།  ཀྲུང་གོ་ཕྱོགས་ཀྱིས་ཕོར་ཐི་གལ་གྱི་དཔལ་འབྱོར་ཆེས་དཀའ་ངལ་ཆེ་བའི་དུས་སུ་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་གནང་བ་བརྗེད་མི་སྲིད། ཕོར་ཐི་གལ་ཕྱོགས་ཀྱིས་ཕོར་ཐི་གལ་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུར་ཤུགས་འདོན་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་དམ་ཟབ་ཏུ་གཏོང་བ། ཕྱོགས་གཉིས་ཀྱི་དངུལ་གཏོང་ལ་ཤུགས་སྣོན་པ་བཅས་བྱས་ནས། ནུས་ཁུངས་དང་དངུལ་རྩ། འཕྲོད་བསྟེན། ཆུ་བེད་སོགས་ཐད་ཀྱི་མཉམ་ལས་ཟབ་སྤེལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བར་རེ་བ་བྱེད་བཞིན་ཡོད།  ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད་པ་དང་། ཕོར་ཐི་གལ་ཕྱོགས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་བཅོས་སྐྱོང་གི་གྲོས་འགོའི་འདུ་ཤེས་གལ་ཆེན་ལ་འཐད་པ་ཡིན་ཞིང་། ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བའི་ཐད་ཕུལ་བའི་སྔར་ལས་ཆེ་བའི་བྱས་རྗེས་མཐོང་འདོད་ཡོད། ཀྲུང་གོ་ནི་ཡོ་རོབ་ཀྱི་ཚབ་བྱེད་ཐབས་བྲལ་བའི་མཉམ་ལས་གྲོགས་པོ་ཡིན་ལ། ཕོར་ཐི་གལ་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད།

ཝང་དབྱི་ཐུག་འཕྲད་ལ་ཞུགས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།