ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ཀྱི་གསར་འགྱུར་ལྟེ་གནས་ཀྱི་གཞུང་ཕྱོགས་དྲ་ཚིགས་སྟེང་ནས་རྒྱུས་ལོན་པ་ལྟར་ན། 2025ལོར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ཀྱི་གསར་འགྱུར་ལྟེ་གནས2025ལོའི་ཟླ8པའི་ཚེས28ཉིན་གྱི་ཆུ་ཚོད8ནས་བཟུང་དངོས་སུ་སྒོ་འབྱེད་རྒྱུ་རེད།
གསར་འགོད་པ་གྲོགས་པོས2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ཀྱི་གསར་འགྱུར་སྤེལ་བར་ཞབས་འདེགས་ཞུ་ཆེད། རྩེ་ཚོགས་གྱིས་ཐེན་ཅིན་མེ་ཅང་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་ཀྱི་དུས་རིམ་གཉིས་པའི་འགྲེམས་ཁངS2རུ་གསར་འགྱུར་ལྟེ་གནས་བཙུགས་ཡོད་ཅིང་། དེར་ཕྱོགས་བསྡུས་ཞབས་ཞུའི་ཁུལ་དང་། སྨྱན་སྦྱོར་སྤྱི་པའི་ལས་དོན་ཁུལ། སྨྱན་སྦྱོར་ཆེད་སྤྱོད་ལས་དོན་ཁུལ། གསར་འགྱུར་སྒྲོག་སྤེལ་ཁུལ། རླུང་འཕྲིན་བརྙན་འཕྲིན་གྱི་ལག་རྩལ་ཞབས་ཞུའི་ཁུལ། ཚན་རྩལ་རིག་གནས་མཉམ་འགུལ་འགྲེམ་སྟོན་ཁུལ། སྨྱན་སྦྱོར་བཟའ་བཏུང་དང་ངལ་གསོ་ཁུལ་སོགས་བྱེད་ནུས་ཁུལ་འདུས་ཡོད་པ་དང་། རླུང་འཕྲིན་བརྙན་འཕྲིན་དང་། གསར་འགྱུར་ཁྱབ་བསྒྲགས། གཞུང་ཕྱོགས་པར་རིས། རྩེ་ཚོགས་འདྲི་རྩད།ཚན་རྩལ་རིག་གནས་འགྲེམ་སྟོན། བཟའ་བཏུང་དང་འགྲིམ་འགྲུལ་སོགས་ཕྱོགས་ཡོངས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད།
ཚེས25ཉིན། 2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་གསར་འགྱུར་ལྟེ་གནས་ཀྱི་གཞུང་ཕྱོགས་དྲ་ཚིགས(https://scochn2025.cn/)དངོས་སུ་ཤར་གཏོང་བྱས་ཡོད་ཅིང་། དེ་ཉིན་ནས་བཟུང་གསར་འགྱུར་ལྟེ་གནས་ཀྱིས་རྒྱུན་མཐུད་ངང་དྲ་ཚིགས་སྟེང་རྩེ་ཚོགས་གྱི་གསར་འགྱུར་གསར་ཤོས་ཁྱབ་བསྒྲགས་བྱ་རྒྱུ་རེད།
གསར་འགྱུར་ལྟེ་གནས་ཀྱིས་ད་དུང་ཟླ8པའི་ཚེས28ཉིན་ནས་ཟླ8པའི་ཚེས30ཉིན་བར་དུ་གྲོང་ཁྱེར་གྱི་འཚམས་འདྲི་བྱ་འགུལ་ཐེངས5བཀོད་སྒྲིག་བྱ་རྒྱུ་ཡིན་པས། ཐོ་འགོད་གསར་འགོད་པ་མིང་ཐོ་བཀོད་ནས་ཞུགས་པར་དགའ་བསུ་ཞུ་རྒྱུ་རེད། །