ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་དྲན་གསོའི་བྱེད་སྒོའི་གསར་འགྱུར་ལྟེ་གནས་སུ་རྒྱུས་ལོན་པ་ལྟར་ན། ཟླ8པའི་ཚེས23ཉིན་གྱི་ཆུ་ཚོད17ནས་ཟླ8པའི་ཚེས24ཉིན་གྱི་ཆུ་ཚོད5བར་དུ། པེ་ཅིན་གནམ་བདེ་སྒོ་མོ་ཆེའི་ས་ཁུལ་དུ་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་རྒོལ་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་དྲན་གསོའི་ཚོགས་ཆེན་གྱི་ཕྱོགས་བསྡུས་ནང་སྦྱོང་ཐེངས་གསུམ་པ་སྤེལ། ངོ་སྤྲོད་བྱས་པ་ལྟར་ན། དེ་ནི་བརྒྱུད་རིམ་ཡོངས་དང་རྒྱུ་རྐྱེན་གཙོ་བོ་ཡོངས་ཀྱི་སྔོན་གྲབས་ནང་སྦྱོང་ཞིག་ཡིན་ལ། དྲན་གསོའི་ཚོགས་ཆེན་གྱི་ཕྱོགས་བསྡུས་ནང་སྦྱོང་མཐའ་མ་ཞིག་ཀྱང་ཡིན་ཞིང་། དེའི་ནང་དྲན་གསོའི་ཚོགས་ཆེན་གྱི་མཛད་སྒོ(དམག་གཟིགས་ཚུད་ཡོད)དང་། ར་བ་བརྗེ་སྤོར། ལྟད་མོ་བ་རྩ་འཛུགས། འཕྲལ་བསྟུན་ཐག་གཅོད་སོགས་ཀྱི་ནང་དོན་ཚུད་ཡོད། བརྒྱུད་རིམ་སོ་སོ་དང་གོ་རིམ་སོ་སོའི་འབྲེལ་མཐུད་མཐུན་སྦྱོར་ལ་གཙོ་གནད་དུ་ཞིབ་བཤེར་བྱས་ནས། དངོས་གཞིའི་བྱེད་སྒོ་ལེགས་འགྲུབ་ངང་སྤེལ་བར་རྨང་གཞི་བརྟན་པོ་བཏིང་ཡོད།
མཚན་མོའི་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་གྱི་གློག་འོད་རྣམ་པར་བཀྲ་བ་དང་། དམག་དོན་རོལ་དབྱངས་ཁྲོད་ཀྱི་གཟིགས་སྦྲེང་དཔུང་ཁག་ལ་བརྗིད་ཉམས་ལྡན། ནང་སྦྱོང་ཡུལ་དངོས་ཀྱི་བྱ་རིམ་སོ་སོའི་སྒྲིག་འཛུགས་གོ་རིམ་ལྡན་པ་དང་། བརྒྱུད་སྤྲོད་ཚགས་དམ་པ། འཁོར་སྐྱོད་བདེ་བླག་བཅས་ཡིན་པས་སྔོན་དཔག་གི་དམིགས་ཚད་ལ་སླེབས་ཡོད། པེ་ཅིན་གྲོང་ཁྱེར་གྱི་འབྲེལ་ཡོད་ཕྱོགས་ཀྱིས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བས་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན། །