ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་འཐུས་ཚབ་ཚོགས་པ་བོད་ལྗོངས་ཀྱི་ས་གནས་ཁག་ཏུ་ཕེབས་ནས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལྟར། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྨོན་འདུན་བཟང་བོ་བསྣམས་ནས། ཚེས22ཉིན། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་པ་གཙོ་བོ་དང་ཡན་ལག་ཚོགས་པ་སོ་སོས་གཞིས་ཀ་རྩེ་དང་མངའ་རིས། ཆབ་མདོ། ནག་ཆུ། ཉིང་ཁྲི། ལྷོ་ཁ་བཅས་སུ་སོང་ནས། ས་གནས་དེ་གའི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དོན་འཁྱོལ་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས། བོད་ལྗོངས་ཀྱི་ཡུན་སྐྱོང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱེད་དགོས་པར་ནན་གྱིས་བསྟན། ཡན་ལག་ཚོགས་པ་སོ་སོས་ས་གནས་དེ་གར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཕྱག་བྲིས་གནང་བའི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་འབྲི་དགོས”ཞེས་པའི་ཤིས་ཚིག་ཕུལ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཝང་ཧུའུ་ཉིང་གིས་ཚོགས་པ་གཙོ་བོའི་སྣེ་ཁྲིད་དེ་དིང་རི་རྫོང་དུ་སོང་ནས། ས་ཡོམ་བྱུང་རྗེས་ཀྱི་བསྐྱར་སྐྲུན་དང་གནོད་ཐེབས་མང་ཚོགས་གནས་སྤོར་བྱས་ནས་བདེ་སྡོད་བྱས་ཡོད་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། གྲམ་སོ་ཡུལ་ཚོ་ཟིང་དཀར་གྲོང་ཚོ་ཡི་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་གནང་། ཝང་ཧུའུ་ཉིང་གིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དིང་རི་རྫོང་གི་གནོད་འགོག་རྒུད་སྐྱོབ་དང་ས་ཡོམ་རྗེས་ཀྱི་བསྐྱར་སྐྲུན། གནོད་ཐེབས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་བཅས་ལ་ཐུགས་ཁུར་ཟབ་བཞེས་གནང་གིན་ཡོད་ཅིང་། ཁྱིམ་གཞིས་བསྐྱར་སྐྲུན་ལས་དོན་ཞིབ་ཕྲ་དང་ཏན་ཏིག་ངང་སྤེལ་ཏེ། གནོད་འཚེ་ཕོག་པའི་རྐྱེན་གྱིས་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བར་སྔོན་འགོག་བྱས་ནས། བདེ་སྐྱིད་ཆེ་ལ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་འཛུགས་སྐྲུན་གང་ལེགས་བྱེད་དགོས་ཞེས་གསུངས། ཚོགས་པ་གཙོ་བོས་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་ཨ་ཡ་གྲོང་ཚོ་རུ། གཞི་རིམ་ཏང་འཛུགས་ལས་དོན་དང་གྲོང་གསེབ་དར་སྤེལ། བདེ་སྡོད་ལས་སྐྲུན། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བཅས་ལ་རྟོག་ཞིབ་བྱས་ནས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། ཝང་ཧུའུ་ཉིང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཇེ་ཆེར་བཏང་ནས། མི་རིགས་སོ་སོའི་མི་དམངས་ལ་སྔར་ལས་བདེ་སྐྱིད་ཆེ་ལ་མཛེས་སྡུག་ལྡན་པའི་འཚོ་བ་རོལ་དུ་འཇུག་དགོས་ཞེས་གསུངས། ཚོགས་པ་གཙོ་བོས་གཞིས་ཀ་རྩེ་ཡི་རྒྱལ་སྤྱིའི་སྐམ་ས་དང་གྲུ་ཁའི་ཕྱིར་གཏོང་དངོས་ཟོག་ཞིབ་བཤེར་ར་བར་རྟོག་ཞིབ་བྱེད་སྐབས། ཝང་ཧུའུ་ཉིང་གིས་བཅོས་སྒྱུར་སྒོ་འབྱེད་སྔར་ལས་ཟབ་སྤེལ་བཏང་ནས། བོད་ལྗོངས་ཀྱི་ཕྱི་ནང་གཉི་གར་སྒོ་འབྱེད་པའི་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་སྟེ། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ལ་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་། བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས།  ཚོགས་པ་གཙོ་བོས་གཞིས་ཀ་རྩེ་ཡི་རྒྱང་ས་རྒྱལ་ཁབ་བརླན་ས་སྤྱི་གླིང་དུ་རྟོག་ཞིབ་བྱེད་སྐབས། ཝང་ཧུའུ་ཉིང་གིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱུ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོབ་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ས་ཁོངས་སྐྱེ་ཁམས་མ་ལག་གི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་འཕེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། གངས་ལྗོངས་མཐོ་སྒང་གི་གནམ་མཁའ་སྔར་ལས་སྔོ་བ་དང་ས་གཞི་སྔར་ལས་ལྗང་མདོག་ཡིན་པ། ཆུ་མོ་སྔར་ལས་དྭངས་གཙང་ཡིན་པ། ཁོར་ཡུག་སྔར་ལས་མཛེས་སྡུག་ལྡན་པ་བཅས་ཡོང་བར་འབད་དགོས་ཞེས་གསུངས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ལི་ཀན་ཅེ་ཡིས་མངའ་རིས་ཡན་ལག་ཚོགས་པའི་སྣེ་ཁྲིད་དེ། མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཡུལ་ཚོ་བདེ་མཆོག་གྲོང་ཚོའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་སོང་ནས། མཐའ་དར་དམངས་ཕྱུག་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཟོ་བའི་ལས་དོན་སྤེལ་བའི་གནས་ཚུལ་སོགས་ལ་རྒྱུས་ལོན་བྱས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཀྲང་གོ་ཆིང་གིས་ཆབ་མདོ་ཡན་ལག་ཚོགས་པའི་སྣེ་ཁྲིད་དེ། ཆབ་མདོ་གྲངས་རིག་སྐྱེ་ཁམས་ཐོན་ལས་གླིང་གི་བཀྲ་ཤིས་ཐང་ཆེན་དུ། “དམར་པོའི་ཆབ་མདོ·དར་རྒྱས་ཡར་བརྩོན”ཞེས་པའི་མང་ཚོགས་ཀྱི་རྩལ་ནུས་འགྲེམས་སྟོན་བྱེད་སྒོར་རྟོག་ཞིབ་བྱས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའམ་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བློ་བཟང་རྒྱལ་མཚན་གྱིས་ནག་ཆུ་ཡན་ལག་ཚོགས་པའི་སྣེ་ཁྲིད་དེ། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཡུལ་ཚོ་གཞུང་ཐ་གྲོང་ཚོ་རུ། “མི་ཁྲི་སྟོང་གི་བཟོ་སྐྲུན”གྱི་བདེ་སྡོད་ལས་སྐྲུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། ས་གནས་འབྲོག་པ་མང་ཚོགས་ལ་འཚམས་འདྲི་བྱས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་ཉིང་ཁྲི་ཡན་ལག་ཚོགས་པའི་སྣེ་ཁྲིད་དེ། སྨན་ཉིང་ཆུ་མཛོད་ཀྱི་ཆུ་རགས་ཡོད་སར་སོང་ནས། ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་གློག་བཟོ་སྐྲུན་འཆར་འགོད་དང་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། འཐབ་ཕྱོགས་དང་པོའི་ཨར་ལས་བཟོ་པར་འཚམས་འདྲི་བྱས།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནམ་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཀྲང་ཧྲིན་མེན་གྱིས་ལྷོ་ཁ་ཡན་ལག་ཚོགས་པའི་སྣེ་ཁྲིད་དེ། ལྷོ་ཁ་གྲོང་ཁྱེར་ཤར་ཁུལ་གྱི་བཀྲ་ཤིས་ཆོས་སྡེ་སྡེ་ཁུལ་དང་ཁེ་གསུམ་སྡེ་ཁུལ་དུ་སོང་ནས། མཛེས་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་གཟུགས་འདས་ཤུལ་གཞག་རིག་དངོས་རྒྱུན་འཛིན་སྲུང་སྐྱོབ། བོད་ལྗོངས་ཀྱི་དམངས་གཙོ་བཅོས་སྒྱུར་གྲོང་ཚོ་དང་པོ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། གྲོང་མིའི་ཁྱིམ་དུ་སོང་ནས་འཚམས་འདྲི་བྱས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།