ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིན་དུ་ཧན་གོའི་སྲིད་འཛིན་གི་དམིགས་བསལ་ཕོ་ཉ་ཕུའུ་པིང་ཞི་ལ་ཐུག་འཕྲད་གནང་།
ཝང་དབྱི་ཡིས་བསྟན་དོན། དེ་རིང་ནི་ཀྲུང་གོ་དང་ཧན་གོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར33ལོན་པའི་དྲན་གསོའི་ཉིན་མོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ལེགས་བཅོས་ཀྱི་དུས་སྐབས་གལ་ཆེན་དུ་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཧན་གོའི་འབྲེལ་བར་མཐོང་ཆེན་བྱེད་ཀྱིན་ཡོད། ཧན་གོའི་སྲིད་གཞུང་གསར་པས་འགན་བཞེས་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ལི་ཙའེ་མིང་ལ་ཁ་པར་བརྒྱབ་སྟེ། ཀྲུང་གོ་དང་ཧན་གོའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས། རྗེས་མར་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་པ་རེད། ཀྲུང་གོ་དང་ཧན་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཐོག་ནས་ཁྱིམ་མཚེས་མཛའ་མཐུན་དང་།མཐུན་པ་བརྩོན་ལེན་དང་མི་མཐུན་སོར་འཇོག མཉམ་ལས་རྒྱ་སྐྱེད་གཏོང་བ་བཅས་ནི་ཡང་དག་པའི་གདམ་ག་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧན་གོར་འཛིན་པའི་སྲིད་ཇུས་ནི་བརྟན་བརླིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱས་ཡོད་པས། ཕྱོགས་གཉིས་ཀྱིས་ཕྱི་འབྲེལ་འབྲེལ་བ་འཛུགས་རྒྱུའི་ཐོག་མའི་བསམ་འདུན་བརྩི་སྲུང་ནན་པོ་དང་། མཛའ་གྲོགས་ཁ་ཕྱོགས་བརྟན་སྲུང་། ཐུན་མོང་གི་ཁེ་ཕན་རྒྱ་བསྐྱེད་པ། རྒྱལ་དམངས་ཀྱི་བརྩེ་དུང་ཇེ་ལེགས་སུ་གཏོང་བ། ཚོར་སྣང་སྐྱེན་པའི་གནད་དོན་ཐག་གཅོད་འོས་འཚམ་བཅས་བྱས་ཏེ། ཀྲུང་གོ་དང་ཧན་གོའི་འབྲེལ་བ་ཡང་དག་པའི་བགྲོད་ལམ་བརྒྱུད་བརྟན་བརླིང་དང་ཡུན་རིང་ཡོང་བར་སྐུལ་འདེད་གཏོང་དགོས།
ཝང་དབྱི་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་ལོ་ཡིན་ལ། ཁྲའོ་ཞན་ཕྱེད་གླིང་སླར་གསོ་བྱས་ནས་ལོ་འཁོར80ལོན་པའི་ལོ་ཡང་ཡིན། ཀྲུང་གོ་ཕྱོགས་ཀྱིས“9·3”དྲན་གསོའི་བྱེད་སྒོ་གཟབ་རྒྱས་ངང་འཚོག་རྒྱུ་ཡིན། དམིགས་བསལ་གྱི་གནད་འགག་གལ་ཆེན་འདིར། ཀྲུང་གོ་ཕྱོགས་ཀྱིས་ཞི་བདེར་དགའ་བའི་རྒྱལ་ཁབ་དང་མི་དམངས་ཡོད་ཚད་དང་མཉམ་དུ་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། དཔའ་བོ་རྗེས་དྲན་ཞུ་བ། ཞི་བདེར་གཅེས་སྤྲས་བྱེད་པ། མ་འོངས་གསར་གཏོད་བཅས་བྱས་ཏེ། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་ཐུན་མོང་ཐོག་སྲུང་སྐྱོབ་བྱེད་འདོད་ཡོད། ཀྲུང་གོ་དང་ཧན་གོས་ད་དུང་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་རང་མོས་ཉོ་ཚོང་མ་ལག་སྲུང་སྐྱོང་བྱེད་པ་དང་། ཐུན་མོང་ཐོག་ཉོ་ཚོང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ། ཕྱོགས་མང་རིང་ལུགས་ཀྱི་འདུ་ཤེས་ལག་ལེན་བསྟར་བ། མཉམ་འབྲེལ་རྒྱལ་ཚོགས་སོགས་སྒྲོམ་གཞིའི་ནང་གི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། ས་ཁུལ་དང་ཐ་ན་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་ནུས་ལྡན་གཅོག་དགོས།
ཕུའུ་པིང་ཞི་ཡིས་ཝང་དབྱི་ལ་ཧན་གོའི་སྲིད་འཛིན་ལི་ཙའེ་མིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲིངས་པའི་འཕྲིན་ཡིག་བརྒྱུད་སྤྲོད་གནང་རོགས་ཞུས་ནས། ཧན་གོའི་སྲིད་གཞུང་གསར་པས་ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་དང་། མཐོ་རིམ་འགྲོ་འོང་དམ་ཟབ་བཅས་བྱས་ཏེ། མ་འོངས་ལ་ཁ་ཕྱོགས་པའི་དངོས་གཉེར་མཉམ་ལས་རྒྱ་སྐྱེད་གཏོང་བ་དང་། སློབ་གསོ་དང་གཞོན་ནུ་སོགས་ཁྱབ་ཁོངས་ཀྱི་མི་ཆོས་བརྗེ་རེས་གཏིང་ཟབ་ཏུ་བཏང་སྟེ། ཧན་གོ་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སླར་ཡང་དྲང་ལམ་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཧན་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་ལངས་ཕྱོགས་ལ་བརྩི་འཇོག་བྱེད་པ་དང་། ཀྲུང་གོ་སོགས་རྒྱལ་ཁབ་ཆེན་པོ་གཙོ་བོ་དང་འབྲེལ་བ་མཉམ་དུ་འཕེལ་རྒྱས་བཏང་ནས། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་གོང་སྤེལ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད། །