ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ལྕགས་ལམ་གྱི་དབྱར་གནང་སྐྱེལ་འདྲེན་གྱི་འགྲུལ་པ་མི་ཐེངས་དུང་ཕྱུར8ལས་བརྒལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2025ལོའི་ལྕགས་ལམ་གྱི་དབྱར་གནང་སྐྱེལ་འདྲེན་ཟླ7པའི་ཚེས1ཉིན་ནས་མགོ་ཚུགས་ཡོད། གསར་འགོད་པས་ཟླ8པའི་ཚེས24ཉིན་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་གསལ་ལྟར་ན། ཟླ7པའི་ཚེས1ཉིན་ནས་ཟླ8པའི་ཚེས23ཉིན་བར་རྒྱལ་ཡོངས་ལྕགས་ལམ་གྱིས་སྐྱེལ་འདྲེན་བྱས་པའི་འགྲུལ་པ་རིམ་རྩིས་བྱས་ནས་མི་ཐེངས་དུང་ཕྱུར8.23སླེབས་པ་དེ་དུས་མཉམ་ལས6.4%འཕར་བ་དང་ཉིན་རེར་སྐྱེལ་འདྲེན་བྱས་པའི་འགྲུལ་པ་མི་ཐེངས་ཁྲི1523ལ་སླེབས་ཡོད། 

དབྱར་གནང་སྐྱེལ་འདྲེན་རིང་། ལྕགས་ལམ་སྡེ་ཚན་གྱིས་དུས་ཚིགས་གསུམ་པའི་མེ་འཁོར་སྐྱེལ་འདྲེན་དཔེ་རིས་ཀྱི་རྨང་གཞིའི་སྟེང་། དབྱར་ཁའི་གུང་གསེང་གི་འགྲུལ་པ་སྐྱེལ་འདྲེན་དཔེ་རིས་བཟོས་པ་མ་ཟད་ལག་བསྟར་བྱས། ཕྱོགས་གཅིག་ནས་པེ་ཅིན་ནས་ཧ་ཨེར་པིན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་པེ་ཅིན་ནས་ཧྲེན་དབྱང་དུམ་མཚམས་དང་ཧྲང་ཧའེ་ནས་ཁུན་མོན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཧང་ཀྲོའུ་ནས་ཁྲང་ཁྲུན་དུམ་མཚམས་ཀྱི་ཚད་གཞི་མཐོ་བའི་འཁོར་སྐྱོད་དང་། ཁྲུང་ཆིན་ནས་ཞ་མོན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཁྲུང་ཆིན་ཤར་ནས་ཀྲེན་ཅང་བར་དང་། ཁྲུང་ཆིན་ས་ཚིགས་ཤར་མ་སོགས་ལམ་ཐིག་གསར་པ་དང་ས་ཚིགས་གསར་པའི་ནུས་པ་བེད་སྤྱོད་ཡག་པོ་བྱས། ཕྱོགས་གཞན་ཞིག་ནས་ལྕགས་ལམ་གྱི12306སྤ་སེ་འཚོང་བའི་གྲངས་གཞི་ཆེན་པོར་འགུལ་རྣམ་དབྱེ་ཞིབ་བྱས་ནས། འགྲུལ་པ་རྣམས་ཀྱི་འགྲོ་སྐྱོད་དགོས་མཁོར་གཞིགས་ཏེ་སྤ་སེ་འཚོང་བའི་ཐབས་ཇུས་སྟབས་བསྟུན་ལེགས་སྒྲིག་བྱས་ཤིང་། དར་ཁྱབ་ཆེ་བའི་ཁ་ཕྱོགས་དང་ས་ཁོངས། དུས་མཚམས་བཅས་ཀྱི་སྐྱེལ་འདྲེན་ནུས་པ་དུས་ཐོག་ཏུ་ཇེ་མང་དུ་བཏང་། 

དབྱར་གནང་གི་སྐྱེལ་འདྲེན་ཚུན། ས་གནས་ཁག་གི་ལྕགས་ལམ་སྡེ་ཚན་གྱིས་ཡུལ་སྐོར་ཞབས་ཞུ་དང་བདེ་འཇགས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། འགྲུལ་པས་བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་ཡུལ་སྐོར་བྱེད་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད། རྒྱལ་ཁབ་ལྕགས་ལམ་ཀྲེང་ཀྲོའུ་ཅུས་ཚོགས་པ་ཀུང་སིས“སྨི”ཡིག་དབྱིབས་ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བ་ཆགས་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། འགྲུལ་པ་འཕར་སྣོན་གཏོང་བ་དང་སྒུལ་འཁོར་ཚོ་ཆུང་བསྐྱར་སྦྲེལ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ། དོ་དམ་ནང་ཁུལ་གྱི་པེ་ཅིན་ནས་ཀོང་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་དང་། ཅི་ཀྲེང་ཀྲེང་མྱུར་བགྲོད་ལྕགས་ལམ། ཀྲེང་ཡུས་མྱུར་བགྲོད་ལྕགས་ལམ་སོགས་གཙོ་གནད་ལམ་ཐིག་གི་མྱུར་བགྲོད་ལྕགས་ལམ་སྤྱི་བསྒྲགས་ཅན་དུ་གཏོང་ཤུགས་ཆེ་རུ་བཏང་། རྒྱལ་ཁབ་ལྕགས་ལམ་ཁྲེང་ཏུའུ་ཅུས་ཚོགས་པ་ཀུང་སི་དང་ལྷོ་ཕྱོགས་གློག་དྲ་ཀུའེ་དབྱང་གློག་འདོན་ཅུས་ཀྱིས་མཉམ་ལས་དམ་ཟབ་བྱས་ཏེ། དོ་དམ་ནང་ཁུལ་གྱི་ཀུའེ་ནན་མྱུར་བགྲོད་ལྕགས་ལམ་དང་ཀུའེ་ཀོང་མྱུར་བགྲོད་ལྕགས་ལམ་སོགས་ལྕགས་ལམ་རྒྱུད་ཀྱི་གློག་འདོན་སྒྲིག་ཆས་ལ་བདེ་འཇགས་ཞིབ་བཤེར་བྱས་ཤིང་། འགྲོ་སྐྱོད་བྱེད་པར་སྤྱོད་པའི་གློག་ཤུགས་ཀྱི་བདེ་འཇགས་དང་བློས་འགེལ་ཆོག་པར་འགན་ལེན་བྱས། རྒྱལ་ཁབ་ལྕགས་ལམ་ནན་ཁྲང་ཅུས་ཚོགས་པ་ཀུང་སིའི་དབྱི་ཁྲུན་ས་ཚིགས་ཀྱིས་ས་གནས་ཀྱི་རིག་གནས་ཡུལ་སྐོར་ཚོགས་པ་དང་མཉམ་འགུལ་ཧུར་ཐག་བྱས་ཏེ། ས་ཚིགས་ནས་མིང་ཡུའེ་རི་བོ་སོགས་མཛེས་ལྗོངས་ཁུལ་བར་གྱི་སྤྱི་སྤྱོད་རླངས་འཁོར་ཡུལ་སྐོར་ལམ་ཐིག་གི་ཐེངས་གྲངས་མང་དུ་བཏང་ནས་ཡུལ་སྐོར་བ་འགྲོ་འོང་བྱེད་པའི“མཇུག་མཐའི་ལེ་དབར་གཅིག”གི་འགྲིམ་འགྲུལ་ཤར་གཏོང་བྱས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།