ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཆང་གིས་མགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་།  གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་ལག་བསྟར་བྱས་པའི་སྙན་ཞུར་གསན། ལུས་རྩལ་འཛད་སྤྱོད་ཀྱི་སྦས་ཤུགས་འདོན་སྤེལ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ལུས་རྩལ་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་ལ་ཞིབ་འཇུག་དང་། 《“བྱང་གསུམ”བཟོ་སྐྲུན་གྱི་སྤྱིའི་འཆར་འགོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། རྒྱ་མཚོའི་ཉ་གྲུའི་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་དག་ཐེར་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན།  གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་ཀྱིས་དངུལ་གཏོང་བརྟན་འཇགས་དང་། འཛད་སྤྱོད་རྒྱ་སྐྱེད། ཚུལ་སྒྱུར་ལ་ཡར་སྐུལ། དམངས་ཕན་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད།  སྲིད་ཇུས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཕྱོགས་བསྡོམས་དང་དཔྱད་དཔོག་ནན་མོ་བྱེད་པའི་རྨང་གཞིའི་སྟེང་།  སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་དང་། ལག་བསྟར་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ནང་མཁོ་རྒྱ་ཆེར་གཏོང་བའི་སྐུལ་འདེད་ནུས་པ་སྔར་ལས་འདོན་སྤེལ་བྱེད་དགོས། ཁ་གསབ་མགོ་སྐོར་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་སྟེ། ཁ་གསབ་མ་དངུལ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས།  ནོར་ཁྲལ་དངུལ་རྩ་སོགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་ལ་སྔར་ལས་ཤུགས་སྣོན་དང་། འཛད་སྤྱོད་དངུལ་གཏོང་གི་རྣམ་པ་གསར་གཏོད་བྱེད་པ། འཛད་སྤྱོད་དངུལ་གཏོང་ཁོར་ཡུག་ལེགས་བཅོས་བྱས་ནས།   ཕྱོགས་བསྡུས་སྲིད་ཇུས་ཀྱི་ནང་མཁོའི་སྦས་ཤུགས་འདོན་སྤེལ་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན།  ལུས་རྩལ་ཐོན་ལས་དང་ལུས་རྩལ་འཛད་སྤྱོད་འཕེལ་རྒྱས་གཏོང་རྒྱུ་ནི་ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་དོན་འཁྱོལ་བྱེད་པའི་ནང་དོན་གལ་ཆེན་ཡིན་པས། ལུས་རྩལ་ཐོན་རྫས་འདོན་སྤྲོད་ཇེ་མང་དུ་གཏོང་བ་དང་། ལུས་རྩལ་འགྲན་བསྡུར་བྱེད་སྒོ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ལུས་རྩལ་མཁོ་ཆས་རིམ་སྤོར་ལ་སྐུལ་འདེད་གཏོང་བ།  ཐོན་ལས་ཀྱི་རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་ལ་ཤུགས་སྣོན་པ། ཞབས་ཞུའི་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་བ། ལུས་རྩལ་ཐོན་ལས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བཅས་བྱས་ནས། དེང་རབས་ཀྱི་ལུས་རྩལ་ཐོན་ལས་མ་ལག་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་དགོས། ལུས་རྩལ་འཛད་སྤྱོད་ཀྱི་དགོས་མཁོ་སྐུལ་སློང་བྱེད་པ་དང་། ལུས་རྩལ་འཛད་སྤྱོད་ཀྱི་རྣམ་པ་རྒྱ་བསྐྱེད་པ། ས་གནས་ཁག་གིས་ལུས་རྩལ་འཛད་སྤྱོད་བྱེད་སྒོ་སྤེལ་བར་སྐུལ་མ་གཏོང་བ། འཛད་སྤྱོད་དམངས་ཕན་གྱི་བྱེད་ཐབས་ལག་བསྟར་བཅས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ཀྱི་འཛད་སྤྱོད་རིམ་སྤོར་གྱི་དགོས་མཁོ་སྐོང་དགོས།  སྔར་ལས་ལྷག་པའི་སྒོ་ནས་ཁྲོམ་རའི་སྟོབས་ཤུགས་སྐུལ་སློང་བྱས་ནས་ལུས་རྩལ་ཐོན་ལས་འཕེལ་རྒྱས་དང་འཛད་སྤྱོད་གཞི་ཁྱོན་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་དོ་ཁུར་བྱས་ཏེ།  ལུས་རྩལ་བདག་གཉེར་གཙོ་གཞིའི་གསོན་ཤུགས་ཆེ་རུ་བཏང་ནས། ལུས་རྩལ་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་བསྟན་དོན། “བྱང་གསུམ”བཟོ་སྐྲུན་ལག་བསྟར་བྱེད་པ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཡིན་པ་དང་། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་དང་། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་བཅས་དང་འབྲེལ་བ་ཡོད་པས། ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ། དཔའ་ངར་ཆེར་བསྐྱེད་ཀྱིས་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།  ངེས་པ་དོན་གྱིས་རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་བརྟན་དུ་གཏོང་དགོས། འཆར་འགོད་གཅིག་གྱུར་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ཐང་། བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལག་བསྟར་བྱེད་པ། ནོར་ཁྲལ་དང་ས་ཞིང་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པ།   ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱས་ཏེ། སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་མངོན་འགྱུར་ཡོང་བར་བྱེད་དགོས།  ཕྱོགས་སོ་སོའི་དུས་མཇུག་གི་དོ་དམ་སྲུང་སྐྱོབ་ཀྱི་འགན་འཁྲི་ནན་དཀྲི་དང་། ཡུན་ཕན་རྐྱེན་སྲོལ་བཙལ་ནས་འཐུས་ཚང་དུ་བཏང་སྟེ། རིགས་མི་འདྲ་བའི་ལས་གཉེར་གཙོ་གཞིས་མཉམ་དུ་བཟོ་སྐྲུན་འཛུགས་སྐྲུན་གྱི་རིམ་པ་རྗེས་མའི་བྱ་བ་ཡག་པོར་བསྒྲུབ་པར་སྐུལ་མ་གཏོང་དགོས། 

གྲོས་ཚོགས་ལས་བསྟན་དོན། ཉ་གྲུའི་བདེ་འཇགས་ཐོན་སྐྱེད་དེ་རྒྱ་ཆེའི་ཉ་པ་དང་། གྲུ་པ་སོགས་ཀྱི་གཞི་རྩའི་ཁེ་ཕན་དང་འབྲེལ་ཡོད་པས། རྒྱ་མཚོའི་ཉ་གྲུའི་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་དག་ཐེར་བཅོས་སྐྱོང་སྤེལ་བ་དང་། ཉ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ་གཉིས་ཟུང་འབྲེལ་བྱས་ཏེ། ཉ་གྲུ་རྙིང་པ་བསྒྱུར་བཀོད་དང་སྤུས་འདེགས་བྱེད་པར་རྒྱབ་སྐྱོར་དང་། ཉ་ལས་གྲུ་ཁའི་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་པ། ཉ་པའི་བདེ་འཇགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། མིས་བཟོས་རིག་ནུས་སོགས་ཀྱི་ལག་རྩལ་བེད་སྤྱོད་ཡག་པོ་བཅས་བྱས་ཏེ།  རྒྱ་མཚོའི་ཉ་གྲུའི་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ཐད་ཀྱི་སྦྲེལ་ཐག་ཧྲིལ་པོར་ཤུགས་སྣོན་པ་དང་། ངོ་བོའི་བདེ་འཇགས་ཆུ་ཚད་ཀྱི་རྒྱུ་རྐྱེན་གཙོ་བོ་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ་མངོན་འགྱུར་བྱེད་དགོས།

གྲོས་ཚོགས་ལས་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།