ཟླ5པའི་ཚེས31ཉིན། རྒྱལ་ཁབ་སྲིད་དོན་ཞབས་ཞུའི་སྟེགས་བུ་དྲ་ཐོག་ནས་འཁོར་སྐྱོད་བྱས་ཏེ་ལོ་འཁོར5ལོན་པ་རེད། རྒྱལ་ཡོངས་ཀྱི་སྲིད་དོན་ཞབས་ཞུའི“དྲ་བ་གཅིག”གིས་ཆ་འཕྲིན་འགྲོ་སྐྱོད་ཇེ་མང་དུ་གཏོང་བ་དང་། མང་ཚོགས་འགྲོ་སྐྱོད་ཇེ་ཉུང་དུ་གཏོང་ཐུབ་པར་བྱས་པས། དོན་དག་སྒྲུབ་པར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། “འགག་རྩའི་དོན་ཆུང”སྔར་ལས་མང་པོ་དྲ་ཐོག་ནས་མགྱོགས་མྱུར་ངང་སྒྲུབ་ཐུབ་པའི་དུས་མཚུངས་སུ། མང་ཚོགས་མང་པོ་ཞིག་གིས་རང་གི་རྩ་བའི་ཁེ་ཕན་ཆེད་དུ་འགན་ནུས་སྡེ་ཚན་ལ་རོགས་སྐྱོར་ཞུ་བཞིན་པའི་ཁྲོད། ལས་དོན་མི་སྣའི“འཛུམ་མདངས་ཙམ་སྟོན་པ་ལས་དོན་དག་མི་སྒྲུབ་པར”འཕྲད་དེ། རྣམ་འགྱུར་བཟང་ཡང་བྱ་སྤྱོད་སྒྱིད་ལུག་བྱུང་ནས་གནད་དོན་ཐག་གཅོད་བྱེད་པ་དེ“བང་རྒྱུག་འཕྲུལ་ཆས་ཐོག་མདུན་སྐྱོད་བྱེད་པ”རེད།
མིག་སྔར། ཏང་ཡོངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བཞིན་ཡོད། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ནང་དུ། “མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་སོགས་རྩ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་དག་སྲིད་ཇུས་སམ་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་བྱེད་ཐུབ་ཀྱང་། དུས་ཐོག་ཏུ་ཐག་གཅོད་མི་བྱེད་པ་དང་། སྒྱིད་ལུག་དང་ལས་ཆོད་དམའ་བ། ཤུགས་རྐྱེན་ངན་པ་བཟོས་པ”དང་།“སྲིད་ཇུས་དང་མཐུན་པའི་མང་ཚོགས་ཀྱི་རེ་ཞུ་ལ་སྒྱིད་ལུག་གིས་ཁ་གཏད་གཅོག་པ་དང་། ཕྱིར་བཤོལ་རྙོག་གླེང་བྱེད་པ”། “ལས་ཀ་མི་སྒྲུབ་པ་དང་གང་བྱུང་དུ་སྒྲུབ་པ། ལས་སྒྲུབ་དལ་བ། ལས་ཀ་རྫུན་མ་བཟོ་བ་སོགས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་འགུལ་སྐྱོད”སོགས་ཀྱི་ཆད་གཅོད་ནང་དོན་བསྐྱར་བསྒྲགས་དང་འཐུས་ཚང་དུ་བཏང་ཡོད།
སྒོ་ཕྱེ་ནས“དགོད་པ”དང་། བྱ་བ་སྒྲུབ་ན“ནར་འགྱངས”བྱེད་པ། གནད་དོན་ལ“ཕྱིར་བཤོལ”བྱེད་པ། ཚོགས་འདུ་འཚོགས་ནས“བྲེལ་བ”བཅས་ནི་ལས་བྱེད་པ་ཉུང་ཤས་ཀྱི“བྱ་བའི་ཉམས་མྱོང”དུ་གྱུར་ཡོད།““འཛུམ་མདངས་ཙམ་སྟོན་པ་ལས་དོན་དག་མི་སྒྲུབ་པའི”ཕྱི་ཚུལ་རིང་ལུགས་གསར་པ་དེ་རིགས་ཀྱང་དོན་དངོས་སུ་སྒྱིད་ལུག་དང་བྱ་བ་སྒྲུབ་མི་བྱེད་པའི་རིགས་ཤིག་ཡིན། “འཁྲབ་སྟོན”དེ་འདྲས་མང་ཚོགས་ལ་ཐང་ཆད་དང་སེམས་འཁྱག་ཏུ་བཅུག་ཡོད།
བྱིས་གཉོར་དང་རྒན་གསོ། ལག་ཁྱེར་གཉེར་བ། སྡེ་ལས་སོགས་ཀྱི་དོན་དག་དེ་དག་གིས་དམངས་འཚོ་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད། མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ལ་ཐུག་དུས། ཉེ་བའི་ལོ་ཤས་རིང་། འགན་ནུས་སྡེ་ཚན་གྱི“སྒོ་ནང་འཛུལ་དཀའ་བ་དང་། གདོང་མདོག་ངན་པ་སྟོན་པ། སྐད་ཆ་རྩུབ་པོ་སྨྲ་བ”བཅས་ཀྱི་བྱེད་སྟངས་ཉུང་དུ་ཕྱིན་ཡོད།“ཐའེ་ཅི་རྒྱག་པ”དང“ཡིག་འབྲུ་རེ་རེ་རྩོད་པ”།“སྤོ་ལོ་རྩེད་པའི”ཡིད་དབང་འཕྲོག་པའི་སྣང་བརྙན་སྔར་བཞིན་རྟག་ཏུ་མངོན་བཞིན་ཡོད། ལྷག་པར་དུ་མཐུན་སྦྱོར་བྱས་ན་ད་གཟོད་ཐག་གཅོད་ཐུབ་པའི་གནད་དོན་ཐད། ལས་བྱེད་པ་ཉུང་ཤས་ཀྱིས་མང་ཚོགས་ལ་སྣེ་ལེན་ཞུ་སྐབས་གདོང་ལ་འཛུམ་གྱིས་ཁེངས་པ་དང་། ཁས་ལེན་ནན་མོ་བྱེད་ཀྱང་། བྱ་བ་སྒྲུབ་དུས་འགོར་འགྱངས་ཁོ་ན་བྱེད་པ་རེད།
“འཛུམ་མདངས་ཙམ་སྟོན་པ་ལས་དོན་དག་མི་སྒྲུབ་པའི”“གདོང་ཡོལ”འོག ད་དུང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་རྟག་ཏུ་མངོན་བཞིན་ཡོད། ཁོ་ཚོས་རྟག་ཏུ་སྒྲིག་སྲོལ་ལམ་ལུགས་དང་ཞབས་ཞུའི་ཁས་ལེན་དེ“ཤོག་བུའི་ཐོག་འབྲི་བ་དང་། གྱང་ངོས་སུ་འགེལ་བ། ཡང་དང་བསྐྱར་དུ་བརྗོད་པ”བཅས་བྱེད་ཀྱིན་ཡོད་མོད། འོན་ཀྱང་བྱ་སྤྱོད་ཐོག་ལག་བསྟར་བྱེད་ཀྱིན་མེད། མང་ཚོགས་འདུ་ཤེས་ལ་ནོར་འཛོལ་བྱུང་ཚེ། བྱ་བའི་ནུས་པ་ཇེ་མཐོར་འགྲོ་དཀའ་བས།“མང་ཚོགས་ཀྱི་བསམ་པ་དང་། མང་ཚོགས་ཀྱི་རེ་གཞག”ཞེས་པ་དེའང་ཁ་བཤད་ཙམ་དུ་གྱུར་ཡོད།
མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་རེའི་མདུན་དུ། གདོང་ལ་འཛུམ་མདངས་ཡོད་དགོས་པ་མ་ཟད། དོན་དག་དངོས་སྒྲུབ་པར་དེ་བས་དམ་འཛིན་བྱེད་དགོས། བསྒྱུར་བཅོས་ཀྱི་འཕེལ་རིམ་ཁྲོད། མང་ཚོགས་ཀྱི་ཚུར་སྣང་ལྡོག་ལན་ཇི་ལྟར་ཆེ་ན། ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་དང་དཀའ་སེལ་འགག་སྒྲོལ་གྱི་ནུས་པ་དེ་ཙམ་གྱིས་སྦྱོང་བརྡར་བྱེད་ཐུབ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྔར་ལས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ། བྱ་བའི་ཁྲོད་དུ་དཀའ་གནད་སེལ་ཐུབ་པ་དང་། དཀའ་ཁག་ལ་གདོང་གཏོད་ཐུབ་པར་བྱས་ཏེ། མང་ཚོགས་ཀྱི་ལུགས་མཐུན་རེ་གཞག་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།
བྱ་བ་སྒྲུབ་པ་བཟང་མི་བཟང་ནི་དམངས་སེམས་ཀྱིས་ཚད་འཇལ་བ་ཞིག་ཡིན། མང་ཚོགས་ཀྱི་གདོང་ལ་འཛུམ་མདངས་མངོན་པ་ནི་བྱ་བའི་གྲུབ་འབྲས་དངོས་ལ་བསྟོད་བསྔགས་བྱས་པ་ཡག་ཤོས་དེ་ཡིན། །