ཟླ6པའི་ཚེས16ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་སྤྱི་བདེ་པུའུ་ཡིས་མཉམ་འབྲེལ་གྱིས“དམངས་ཡོངས་ཀྱིས་མགོ་སྐོར་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་སྤེལ་བ”ཞེས་པའི་གཅིག་བསྡུས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་ཞིང་། བརྗོད་དོན་ནི“མགོ་སྐོར་ལ་ངོ་རྒོལ་བྱ་རྒྱུ་ནི་ངེས་སྦྱོང་སློབ་ཚན་ཞིག་ཡིན་པས། འགོག་སྲུང་འཛིང་རགས་བརྟན་པོར་འཛུགས་པ་དང་འགན་འཁྲི་ཡག་པོར་འཁུར་དགོས”ཞེས་པ་དེ་ཡིན།
ཉེ་བའི་ལོ་ཤས་རིང་། གློག་འཕྲིན་དྲ་རྒྱའི་མགོ་སྐོར་བྱེད་སྟངས་རྒྱུན་ཆད་མེད་པར་གསར་བརྗེས་བྱས་ནས། སྲོལ་རྒྱུན་གྱི་མགོ་སྐོར་ནསAIསོགས་མཐོ་རིམ་ཚན་རྩལ་གྱི་གནད་ཁེལ་མགོ་སྐོར་སྣ་ཚོགས་ལ་མི་རྣམས་ཀྱིས་བཀག་འགོག་བྱེད་ཐབས་མེད་པ་ཞིག་རེད། རྡུང་རྡེག་དང་ཆད་གཅོད་ནན་པོ་བྱས་ཏེ། མགོ་སྐོར་ལ་ངོ་རྒོལ་དང་མགོ་སྐོར་སྔོན་འགོག་བྱེད་པ་ནི་ངེས་པར་དུ་ལག་ལེན་དུ་བསྟར་དགོས།
གློག་འཕྲིན་གྱི་མགོ་སྐོར་ལ་རྡུང་རྡེག་དང་བཅོས་སྐྱོང་བྱེད་པར་སྤྱི་ཚོགས་ཡོངས་ཀྱིས་མཐུན་སྦྱོར་བྱེད་དགོས་པ་དང་། དམངས་ཡོངས་ཞུགས་ནས་མཉམ་ཤུགས་ཆགས་པར་བྱེད་དགོས། ད་ཐེངས་ཀྱི་གཅིག་བསྡུའི་དྲིལ་བསྒྲགས་ཟླ་བའི་ནང་རྒྱལ་ཡོངས་སུ“བསྐྱོད་པ་ལྔ”(སྡེ་ཁུལ་དང་། གྲོང་གསེབ། ཁྱིམ་ཚང་། སློབ་གྲྭ ཁེ་ལས)ཡི་བྱེད་སྒོ་སྤེལ་ནས་ལག་དེབ་སྟེར་བ་དང་། ལེ་ཚན་འདོན་པ། འགྲན་བསྡུར་གཉེར་བ་སོགས་རྣམ་པ་སྣ་མང་བརྒྱུད་མགོ་སྐོར་ལ་ངོ་རྒོལ་བྱེད་པའི་ཤེས་བྱ་ཁྱབ་གདལ་བཏང་ནས། མགོ་སྐོར་ལ་ངོ་རྒོལ་བྱེད་པའི་ཤེས་བྱ་དེ་སྤྱི་ཚོགས་ཀྱི་གྲུ་ཟུར་སོ་སོར་བརྒྱུད་སྤྲོད་བྱ་རྒྱུ་རེད།
ང་ཚོ་མི་ཚང་མས་དོགས་ཟོན་གྱི་འདུ་ཤེས་ཆེ་རུ་གཏོང་དགོས་པ་དང་། རྒྱུས་མེད་ཀྱི་ཁ་པར་ལ་ཡིད་ཆེས་མི་བྱེད་པ་དང་། མི་སྒེར་གྱི་ཆ་འཕྲིན་ཕྱིར་བསྒྲགས་མི་བྱེད་པ། ཅི་ཡིན་མ་ཤེས་པར་མི་གཞན་ལ་དངུལ་བསྒྱུར་མི་བྱེད་པ། དོགས་པ་ཟ་བའི་གནས་ཚུལ་ལ་འཕྲད་ན་དུས་ཐོག་ཏུ་ཉེན་རྟོག་པར་ཉེན་བརྡ་གཏོང་དགོས་པ་མ་ཟད། ཉེ་འགྲམ་གྱི་མི་རྣམས་ལ་མགོ་སྐོར་ལ་ངོ་རྒོལ་བྱེད་པའི་ཤེས་བྱ་ཁྱབ་སྤེལ་བྱེད་དགོས།
“དམངས་ཡོངས་ཀྱིས་མགོ་སྐོར་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་སྤེལ”དགོས་པ་མ་ཟད། ལྷག་པར་དུ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས་ཡུན་རིང་ལ་བྱས་རྗེས་འཇོག་དགོས། སྤྱི་བདེ་ལས་ཁུངས་ཀྱིས་མུ་མཐུད་དུ་ཆེད་དོན་བྱ་སྤྱོད་སྤེལ་དགོས་པ་དང་། བཟོ་ལས་དང་ཆ་འཕྲིན་སྡེ་ཁག་དང་དངུལ་རྩའི་སྒྲིག་གཞིས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་བྱེད་ཐབས་སྣ་མང་སྤྱད་ནས། མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། །