ཀྲུང་གོ་བོད་ཀྱི་དྲ་བ།

གོང་རིམ་གྱིས་གཤིས་སུ་ཆགས་པར་བྱེད་པ་དང་འོག་རིམ་གྱིས་སྲོལ་དུ་འགྱུར་བར་བྱེད་དགོས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-06-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མགོ་ཁྲིད་ལས་བྱེད་པའི་སྤྱོད་ཚུལ་ནི་ཏང་ནང་གི་དར་སྲོལ་དང་ཆབ་སྲིད་སྐྱེ་ཁམས་ལ་ཐད་ཀར་འབྲེལ་བ་ཡོད་པ་དང་། དམངས་སེམས་ཀྱི་ཁ་ཕྱོགས་དང་འབྲེལ་བ་ཡོད་པས། ཏང་གི་མང་ཚོགས་རྨང་གཞིར་ཐག་གཅོད་བྱེད་ཀྱིན་ཡོད། མགོ་ཁྲིད་ལས་བྱེད་པའི་སྤྱོད་ཚུལ་ཚད་མཐུན་དང་བརྟན་པོ་ཡིན་ན། ཏང་སྲོལ་དང་སྤྱི་ཚོགས་ཀྱི་དར་སྲོལ་གཞི་ནས་ཇེ་ལེགས་སུ་འགྲོ་ཐུབ། སྤྱོད་ཚུལ་ལེགས་བཅོས་བྱེད་པར་ངེས་པར་དུ་གོང་རིམ་ནས་འོག་རིམ་དང་གོང་གིས་འོག་ལ་སྣེ་ཁྲིད་བྱེད་དགོས། མགོ་ཁྲིད་ལས་བྱེད་པས་དཔེ་སྟོན་དང་། ཚད་གཞི་འཛུགས་པ། སྣེ་ཁྲིད་ལེགས་པོ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་བྱས་ན། གོང་རིམ་གྱིས་གཤིས་སུ་ཆགས་པར་བྱེད་པ་དང་འོག་རིམ་གྱིས་སྲོལ་དུ་འགྱུར་བར་བྱེད་ཐུབ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འབེབས་དང་དོན་འཁྱོལ་བྱེད་མགོ་ཚུགས་ནས་གནད་དོན་ཐག་གཅོད་བྱས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུས་ནས་མགོ་བརྩམས་པ་དང་མགོ་ཁྲིད་ལས་བྱེད་པ་ནས་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ནས། གོང་གིས་འོག་ལ་སྣེ་ཁྲིད་ནས་བྱ་བའི་སྤྱོད་ཚུལ་ལེགས་བཅོས་བྱས་ཡོད། ཏང་ཀྲུང་དབྱང་གིས་གཟེར་མ་འདེབས་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། རྒྱུན་འཁྱོངས་ལྷོད་མེད་ཀྱིས“སྤྱོད་ཚུལ་བཞི”ཡོ་བསྲང་བྱས་པ་དང་། ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་སྣང་ཚུལ་ལ་ངོ་རྒོལ་བྱས་ཏེ། གཞུང་དངུལ་གྱིས་ལག་རྟགས་སྟེར་བ་དང་། གཞུང་དངུལ་གྱིས་ཟ་འཐུང་བྱེད་པ། གཞུང་དངུལ་གྱིས་ཡུལ་སྐོར་བྱེད་པ། རྒྱས་སྤྲོས་ཆུད་ཟོས་སོགས་དྲང་བདེན་མིན་པའི་སྤྱོད་ཚུལ་གཏན་འགོག་ནན་མོ་བྱས་ཏེ། མང་ཚོགས་ཀྱི་བསམ་འཆར་དྲག་པོ་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་འབུར་ཐོན་གནད་དོན་ཐག་གཅོད་བྱས་པ་དང་། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བར་སྐུལ་འདེད་བཏང་སྟེ། བརྩོན་བསྲིས་གྲོན་ཆུང་དར་སྤེལ་དང་། རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱས་པ་བརྒྱུད། སྔོན་ཆད་བཀག་འགོག་བྱེད་མི་ཐུབ་པར་འདོད་པའི་བྱ་ངན་སྤྱོད་ངན་སྐོར་ཞིག་བཀག་འགོག་བྱས་པ་དང་། ལོ་མང་རིང་སེལ་མེད་པའི་འགལ་རྐྱེན་སྐོར་ཞིག་བཅོས་སྐྱོང་བྱས་ཏེ། ཏང་སྲོལ་སྲིད་སྲོལ་དང་སྤྱི་ཚོགས་ཀྱི་དར་སྲོལ་གསར་རྐྱང་དུ་གྱུར་ཡོད། 

སྤྱོད་ཚུལ་འཛུགས་སྐྱོང་བྱེད་པར་ནམ་ཡང་ལམ་དུ་ཡོད་ལ་ལེགས་འགྲུབ་ཚར་དུས་མེད། སྤྱོད་ཚུལ་གྱི་གནད་དོན་ལ་བསྐྱར་ཟློས་རང་བཞིན་དང་ཨུ་ཚུགས་རང་བཞིན་ལྡན་པ་དང་། ས་ཆ་ཁ་ཤས་སུ་ལྷོད་གཡེང་བྱུང་བ་དང་། ཕྱོགས་ཁ་ཤས་སུ་ད་དུང་ལོང་ཁུལ་དང་མི་མཐོང་ས་གནས་པས། སྤྱོད་ཚུལ་ངན་པ་ཁ་ཤས་སླར་ཡང་བསྐྱར་ལོག་བྱུང་ཡོད་པ་ངེས་པར་དུ་གསལ་པོར་ཤེས་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཁྲོད། མགོ་ཁྲིད་ཚན་ཁག་གི་རིམ་པ་སོ་སོའི་ཁོངས་མིས་རང་འགུལ་ངང་གནད་དོན་ངོས་འཛིན་བྱེད་པ་དང་། བཅོས་སྒྲིག་བྱེད་ཐབས་གནད་ལ་འཁེལ་བའི་སྒོ་ནས་གཏན་འབེབས་བྱས་ཏེ། གནད་དོན་གང་ཞིག་ཡོད་ན་གནད་དོན་གང་ཞིག་ཐག་གཅོད་བྱེད་པ་དང་། གནད་དོན་གང་ཞིག་འབུར་ཐོན་ཡིན་ན་གཙོ་གནད་དུ་བཅོས་སྒྲིག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རེ་རེ་བཞིན་དམ་འཛིན་བྱེད་དགོས། 

མགོ་ཁྲིད་ལས་བྱེད་པ་ནི་སྤྱོད་ཚུལ་འཛུགས་སྐྱོང་ལ་གཞན་དབང་གིས་ནང་དུ་ཞུགས་མཁན་མ་ཡིན་པར། ལག་ལེན་ཧུར་ཐག་བྱེད་མཁན་ཡིན་དགོས་ཤིང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་བྱེད་པའི་དགོངས་དོན་རང་རྟོགས་ཀྱི་བྱ་སྤྱོད་དུ་བསྒྱུར་ཏེ། རང་སྟེང་ནས་དཔེ་སྟོན་བྱེད་པ་དང་། གོང་རིམ་གྱིས་འོག་རིམ་ལ་ཁྲིད་སྟོན་བྱེད་པ།“འགག་རྩའི་ཉུང་ཤས”ཀྱིས་དཔེ་སྟོན་བྱས་ནས“མང་ཆེ་བར”སྐུལ་ཁྲིད་བྱེད་དགོས། རིམ་པ་གཅིག་གིས་རིམ་པ་གཞན་པར་དཔེ་སྟོན་བྱེད་དགོས་ལ། རིམ་པ་གཅིག་གིས་རིམ་པ་གཞན་པར་སྣེ་ཁྲིད་བྱས་ནས་སྒྲུབ་དགོས་ཤིང་། ཞིབ་ཕྲར་དམ་འཛིན་དང་ཞན་ཆ་གསབ་པ། བསྐྱར་ལོག་འགོག་པ་བཅས་བྱས་ཏེ། ཏང་ཡོན་ལས་བྱེད་པས་བཀུར་སྐྲག་ཤེས་པ་དང་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་ཇེ་ཆེར་གཏོང་དགོས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།