ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་རྩ་ཆེའི་སྟོངས་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཁྱུ་ཚོགས་ཀྱི་ཁ་གྲངས་བརྟན་རླིང་ངང་འཕར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས22ཉིན་ནི་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཉིན་མོ་ཡིན། གསར་འགོད་པས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་མ་ལག་འཛུགས་སྐྲུན་དང་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོང་བཟོ་འགོད་ལག་བསྟར་བྱེད་པ་བརྒྱུད། རང་རྒྱལ་གྱིས་རྩ་ཆེའི་སྟོངས་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཁྱུ་ཚོགས་ཀྱི་ཁ་གྲངས་བརྟན་རླིང་ངང་འཕར་ཞིང་། འཚོ་སྡོད་རྒྱུད་སྤེལ་ཁོར་ཡུག་བརྟན་རླིང་ངང་ལེགས་བཅོས་བྱུང་ནས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ཕན་འབྲས་མངོན་གསལ་ཐོབ་ཡོད།

མིག་སྔར། རྒྱལ་ཡོངས་ཀྱི་རྩ་ཆེའི་སྟོངས་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་རིགས200ལྷག་སླར་གསོ་རང་བཞིན་གྱི་འཕར་བའི་དུས་སྐབས་སུ་སླེབས་ཤིང་། སྟོངས་ཉེན་ཆེ་བའི་རི་སྐྱེས་སྐྱེ་དངོས་རིགས100ལྷག་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་ཐོབ་ཡོད། 2024ལོར་རྒྱལ་ཡོངས་ཀྱི་ཆུ་བྱའི་དུས་མཉམ་བརྟག་བཤེར་ཚད་ལེན་གྱི་ཆེས་གསར་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་དགུན་སྒྲོལ་ཆུ་བའི་སྤྱིའི་གྲངས་ཀ་ཁྲི505.9ལ་སླེབས་པ་དང་། ད་ལྟའི་བར་དུ་རྒྱལ་ཡོངས་ཁྱབ་ཁོངས་སུ་བརྟག་བཤེར་ཚད་ལེན་བྱས་པའི་གྲངས་ཀའི་ཆེས་མཐོ་ཟིན་ཐོ་བཏོད་ཡོད།

མཚམས་སྦྱོར་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་རང་རྒྱལ་གྱིས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོང་ལ་ཏན་ཏིག་གིས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ནས། སྐམ་སའི་རི་སྐྱེས་སྲོག་ཆགས་གི་འཚོ་སྡོད་ས་ཁུལ་གལ་ཆེན་གྱི་མིང་མཛོད་ཁྱབ་བསྒྲགས་བྱས་པ་དང་། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་འཚོ་སྡོད་ས་ཁུལ་སྲུང་སྐྱོང་ཞིག་གསོ་དང་བརྟག་བཤེར་ཚད་ལེན་མ་ལག་འཛུགས་སྐྲུན་རྩ་འཛུགས་བྱས་ནས་སྤེལ་ཏེ། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་རྒྱུད་སྤེལ་བྱེད་པར་ཆ་རྐྱེན་ལེགས་པོ་བསྐྲུན་ཡོད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་། གཙོད་ཀྱི་གྲངས་ཀ་ཡང་དུས་རབས20པའི་ལོ་རབས80པའི་དུས་མགོར་ཁྲི2ཙམ་མེད་པ་ནས་ད་ལྟར་ཁྲི7ལྷག་ལ་སླར་གསོ་བྱུང་ཡོད། སི་ཁྲོན་དང་ཧྲའན་ཞི། ཀན་སུའུ་བཅས་ཞིང་ཆེན་གསུམ་བརྒལ་བའི་དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་གིས་དོམ་ཁྲའི་ཁྱུ་ཚོགས13གྱི་སྐྱེ་ཁམས་ཁྱམས་ར་གཏོར་ནས། ཕན་ནུས་ལྡན་པའི་སྒོ་ནས70%ཡན་གྱི་རི་སྐྱེས་དོམ་ཁྲར་སྲུང་སྐྱོབ་བྱས་ཡོད། རྒྱལ་ཁབ་སྤྱི་གླིང་བཙུགས་པའི་ཚུན། རྒྱལ་ཁབ་སྐྱེ་དངོས་གླིང་དུ་སྐྱེ་དངོས་རྟགས5000ལྷག་གསོན་སྤེལ་བྱས་པ་དང་རིགས2800ལྷག་གསར་སྣོན་བྱས་ཤིང་། དེའི་ནང་རྒྱལ་ཁབ་གཙོ་གནད་སྲུང་སྐྱོང་སྐྱེ་དངོས་རིགས110དང་རྩ་ཆེའི་སྟོངས་ཉེན་ཆེ་བའི་སྐྱེ་དངོས་རིགས65ཡོད།

མཚམས་སྦྱོར་བྱས་པ་ལྟར་ན། རྒྱལ་ཁབ་ནགས་རྩྭ་ཅུས་ཀྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞིར་བྱས་པའི་རང་བྱུང་སྲུང་སྐྱོང་ས་ཁུལ་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ། ཧུར་ཐག་གིས་རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས་འདོན་པར་སྐུལ་འདེད་བཏང་སྟེ། གཅིག་འཐུས་ཚང་ཡིན་ན་གཅིག་འཛུགས་པའི་རྩ་དོན་ལྟར། འགག་སྒོར་དམ་འཛིན་གྱིས་བརྟན་རླིང་དང་རིམ་ལྡན་སྒོས་རྒྱལ་ཁབ་སྤྱི་གླིང་གསར་བ་འཛུགས་རྒྱུ་རེད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།