མི་དམངས་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་པ།
མིག་སྔར། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་ད་གོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དེ་ཏང་ཡོངས་སུ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཐེངས་མང་པོར་གསུང་བཤད་གལ་ཆེན་གནང་ལ། ཐེངས་མང་པོར་དགོངས་དོན་དང་མཛུབ་སྟོན་གལ་ཆེན་གནང་བ་དང་། དམིགས་འབེན་གྱི་ལས་འགན་དང་བྱེད་ཐབས་ཀྱི་ཐབས་ལམ། བྱ་བའི་བླང་བྱ་བཅས་སྔར་བས་གསལ་པོར་བསྟན་ནས་སློབ་སྦྱོང་སློབ་གསོ་ལེགས་པོར་སྤེལ་བར་གཞིན་འཛིན་ས་གལ་ཆེན་འདོན་སྤྲོད་གནང་ཡོད། སློབ་སྦྱོང་སློབ་གསོ་མགོ་བརྩམས་མ་ཐག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀུའེ་ཀྲོའུ་དང་ཡུན་ནན་དུ་ཕེབས་ནས་བྱ་བར་རྟོག་ཞིབ་གནང་སྐབས། གཞི་རིམ་དུ་ཕེབས་ནས་སྐུ་དངོས་སུ་སློབ་སྦྱོང་སློབ་གསོ་ལ་མཛུབ་སྟོན་དང་སྐུལ་ཁྲིད་བྱས་ཏེ་ཏང་ཡོངས་ལ་མིག་དཔེ་བསྟན།
ཏང་ཀྲུང་དབྱང་གིས་ཀྲུང་དབྱང་མཛུབ་སྟོན་ཚན་ཆུང8མངགས་ནས་ས་གནས་དང་ལས་ཁུངས21གི་སློབ་སྦྱོང་སློབ་གསོ་ལ་མཛུབ་སྟོན་དང་ལྟ་སྐུལ་སློབ་སྟོན་གྱི་བྱ་བ་སྤེལ་བ་དང་། དེའི་དམིགས་ཡུལ་ནི་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ས་གནས་དང་ལས་ཁུངས་འདི་དག་གིས་སློབ་སྦྱོང་སློབ་གསོ་ལེགས་པོར་འཛིན་པར་དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་སྐུལ་འདེད་དང་མཛུབ་སྟོན་བྱས་ཏེ་གནད་དོན་ཐག་གཅོད་བྱེད་པར་སྐུལ་ཁྲིད་དང་། ཆུང་ས་ནས་ཆེར་བསྐྱེད་པ་བརྒྱུད་ནས་ཏང་ཡོངས་ཀྱི་སློབ་སྦྱོང་སློབ་གསོ་ལ་བདེན་པ་བདེན་ཐུབ་ཀྱི་གྲུབ་འབྲས་ལོན་པར་སྐུལ་ཁྲིད་བྱེད་རྒྱུ་ཐག་བཅད།
གཏན་འབེབས་བརྒྱད་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཚེ། སྤྱོད་ཚུལ་འཛུགས་སྐྲུན་ལ་གསོན་ཤུགས་ཡོངས་སུ་རྒྱས་སྲིད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་གཏན་འབེབས་དང་དོན་འཁྱོལ་བྱས་པ་ཡིས་མགོ་བརྩམས་ཤིང་། གཟེར་མ་རྡེབ་པའི་སྙིང་སྟོབས་ཀྱིས“སྤྱོད་ཚུལ་བཞི”ཡི་གནད་དོན་དག་ཐེར་བྱས་པས། དུས་ཡུན་རིང་པོར་འགོག་མ་ཐུབ་པའི་སྤྱོད་ངན་འགའ་ཞིག་བཀག་ཅིང་། ལོ་ངོ་མང་པོར་སེལ་མ་ཐུབ་པའི་གནད་དོན་འགའ་ཞིག་དག་ཐེར་བྱས་ལ། ཏང་སྲོལ་སྲིད་སྲོལ་ཚོགས་སྲོལ་རྣམ་པ་གསར་པར་བརྗེས་ཤིང་། ཏང་སེམས་དམག་སེམས་དམངས་སེམས་ཚད་མཐོའི་ངང་གཅིག་ཏུ་བསྒྲིལ་ཡོད། དེ་ནི་རང་རེའི་ཏང་གི་དུས་རབས་གསར་པར་སྙན་གྲགས་རྒྱས་པ་དང་ཀུན་གྱི་སེམས་འགུག་པའི་བྱེད་ཐབས་ཤིག་ཏུ་གྱུར་ཅིང་། དུས་རབས་གསར་པར་ཏང་ལ་དོ་དམ་དང་ཏང་སྐྱོང་བའི“གསེར་མདོག་གི་མིང་བྱང”དུ་གྱུར་ཡོད། སྤྱོད་ཚུལ་གནད་དོན་ལ་བསྐྱར་ཟློས་རང་བཞིན་དང་ངན་རེངས་རང་བཞིན་ཡོད་པ་གསལ་པོར་མཐོང་དགོས། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ་ནི་འགག་སྒྲོལ་དམག་འཁྲུག་དང་ཡུན་རིང་དམག་འཁྲུག་ཅིག་རེད། དངོས་ཡོད་གནས་ཚུལ་ལ་གཞིགས་ན། ཏང་ཡོན་དང་ལས་བྱེད་པ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་དེའི་ལག་བསྟར་སྲོལ་ཞིབ་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་རྒྱུན་དུ་འབྱུང་བཞིན་ཡོད་ཅིང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་ད་དུང་མངོན་གསལ་ཡིན། སྐྱིད་འདོད་རིང་ལུགས་དང་རྒྱས་སྤྲོས་ཀྱི་སྤྱོད་ཚུལ་ནི་དུས་ངེས་མེད་དུ་འབྱུང་ལ། གསང་སྦས་དང་ངོ་བོ་འགྱུར་བའི་བྱ་སྤྱོད་ལྐོག་ཏུ་འབྱུང་བཞིན་ཡོད། གནད་དོན་འདི་དག་རྒྱུན་ཆགས་སུ་གྱུར་ཅིང་གཏིང་ཟབ་པ་དང་། མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད་པས། ས་གནས་དང་ལས་ཁུངས་རང་སྟེང་ཁོ་ནར་བརྟེན་ན་ནུས་ལྡན་ངང་ཐག་གཅོད་བྱེད་དཀའ། སྤྱོད་ཚུལ་འཛུགས་སྐྲུན་འཛིན་ན་ནང་ཤུགས་ཀྱིས་སྒུལ་དགོས་ལ་ཕྱི་ཤུགས་ཀྱིས་ཀྱང་འདེད་དགོས། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གིས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་ཤུགས་ཇེ་དྲག་ཏུ་གཏོང་བ། སྤྱོད་ཚུལ་ལེགས་པོ་དར་སྤེལ་གཏོང་བ། བྱ་བའི་སྤུས་ཀ་དང་ཕན་འབྲས་མཐོར་འདེགས་གཏོང་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་སྟོང་ཟད་དུ་གཏོང་མི་རུང་།
འགན་འཁྲི་དང་ལས་འགན་ཡང་དག་པར་ཤེས་ན། མཛུབ་སྟོན་དང་ལྟ་སྐུལ་སློབ་སྟོན་གྱི་བྱ་བར་ད་གཟོད་ཁ་ཕྱོགས་ཡང་དག་ཅིང་ཤུགས་འདོན་གནད་དུ་འཁེལ་ལ། དངོས་གཉེར་གོ་ཆོད་ཡོང་ཐུབ། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གི་འགན་འཁྲི་དང་ལས་འགན་ནི། གཙོ་བོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན། ཏང་ཀྲུང་དབྱང་གིས་སློབ་སྦྱོང་སློབ་གསོར་བཏོན་པའི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་སྐུལ་འདེད་དང་ཞིབ་བཤེར་བྱེད་པ། སོང་བའི་ས་གནས་དང་ལས་ཁུངས་ཀྱིས་སྒྲུབ་ཕོད་རྒོལ་ཕོད་དང་ལག་ལེན་དངོས་སུ་བསྟར་བའི་སྒོ་ནས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་དེའི་ལག་བསྟར་སྲོལ་ཞིབ་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་མངོན་གསལ་ཐག་གིས་གཅོད་པར་སྐུལ་འདེད་དང་མཛུབ་སྟོན་བྱེད་པ། སྒྲིལ་འགལ་ངང་ཟ་འཐུང་དང་སྒྲིག་འགལ་ངང་ལེགས་སྐྱེས་དང་དངུལ་ཐུམ་ལེན་པ་དང་སྟེར་བ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པ། འགན་མི་འཁུར་ཞིང་བྱ་བ་མི་སྒྲུབ་པ་སོགས་གནད་དོན་མངོན་གསལ་དུས་ཐོག་ཏུ་རྙེད་ཅིང་ཐག་གིས་གཅོད་པར་སྐུལ་འདེད་གཏོང་རྒྱུ་བཅས་རེད། འགན་འཁྲི་ཤེས་དགོས་ཤིང་གསལ་པོ་ཡིན་དགོས་ལ། འགན་སྒྲུབ་ཅི་ཐུབ་བྱེད་པ་དང་། སྒོས་སུ་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བ་དེ་བྱ་བའི་གནད་ཆེ་སར་བརྩིས་ཏེ། ཚུར་སྣང་དྲག་པོ་བྱེད་ཅིང་ཡང་དང་བསྐྱར་དུ་འབྱུང་བའི་གནད་དོན་ལ་དམིགས་ནས་གནད་འཁེལ་སྒོས་ཐག་གཅོད་པ་དང་གནད་འཁེལ་སྒོས་ལྟ་སྐུལ་སློབ་སྟོན་བྱེད་པ། སྐྱོན་བརྗོད་བྱེད་ཕོད་པ། གནད་དོན་ཐག་གཅོད་མ་བྱས་པར་ཤུགས་མི་ལྷོད་པ་དང་ཐག་གཅོད་དཔྱིས་ཕྱིན་པ་མ་བྱས་པར་མཚམས་མི་འཇོག་པ་བྱེད་དགོས།
མཛུབ་སྟོན་དང་ལྟ་སྐུལ་སློབ་སྟོན་གྱི་བྱ་བ་སྒྲུབ་ན་ངེས་པར་བྱེད་སྟངས་དང་ཐབས་ལམ་ལ་དང་དོད་བྱེད་དགོས། དྲི་བ་གཅིག་ལ་མཉམ་དུ་ལན་འདེབས་པ་རྒྱུན་འཁྱོངས་བྱེད་པ་སྟེ། ས་གནས་དང་ལས་ཁུངས་ཀྱི་ཏང་ཨུ(ཏང་ཙུའུ)ལ་འབྲེལ་གཏུག་བྱེད་པར་ཤུགས་བསྣན་ཏེ། གྲོས་མགོ་ཐོན་པའི་བསམ་འཆར་མང་དུ་འདོན་པ་དང་རོགས་སྐྱོར་དང་སྐུལ་མའི་བྱ་བ་མང་དུ་བསྒྲུབ་དགོས། རིགས་དབྱེ་མཛུབ་སྟོན་རྒྱུན་འཁྱོངས་བྱེད་པ་སྟེ། ཡུལ་བབ་དང་བསྟུན་པ་དང་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ཇུས་གཞི་ལག་ཏུ་བསྟར་བ། འབེན་ཡོད་སར་མདའ་འཕེན་པ་དང་། བདེན་འཚོལ་དངོས་སྒྲུབ་སྒོས། ཏང་ཀྲུང་དབྱང་གི་དགོངས་དོན་དང་མི་མཐུན་པ་རྙེད་ཚེ་དུས་ཐོག་ཏུ་ཐེར་འདོན་བྱས་ནས་ནོར་འཁྲུལ་ཡོ་བསྲང་བྱེད་དགོས། ཞིབ་འཇུག་གཏིང་ཟབ་རྒྱུན་འཁྱོངས་བྱེད་པ་སྟེ། ས་གནས་དང་ལས་ཁུངས་ཀྱི་དཔེ་མཚོན་གྱོད་གཞི་དང་ཟུང་འབྲེལ་བྱས་ནས་དབྱེ་ཞིབ་གཏིང་ཟབ་བྱེད་ཅིང་གནད་འགག་འཚོལ་བ། འབྱུང་རྩ་གཏིང་ནས་བསྔོགས་ཏེ། གནད་དོན་གཅིག་ལ་དབྱེ་ཞིབ་བྱེད་པ་ནས་གནད་དོན་རིགས་གཅིག་ཐག་གཅོད་བྱེད་པ་མངོན་འགྱུར་འབྱུང་དགོས། སྒོ་ཆེན་ཡངས་པོར་འབྱེད་པ་རྒྱུན་འཁྱོངས་བྱེད་པ་སྟེ། དུས་རབས་གསར་པའི་ཏང་གི་མང་ཚོགས་བགྲོད་ལམ་སྟེང་ལེགས་པོར་བགྲོད་པ་དང་། ཡུལ་དངོས་འདྲི་རྩད་དང་བྱེ་བྲག་བཅར་འདྲི། སྐབས་བསྟུན་ཟུར་བཤེར། དྲ་རྒྱའི་སྟེང་གི་མང་ཚོགས་ཀྱི་གླེང་ཕྱོགས་ལ་རྒྱུས་ལོན་བྱེད་པ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་སྒོས་སྤྱད་ནས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་མང་ཚོགས་བཅས་ཀྱི་བསམ་འཆར་ལ་ནན་ཏན་གྱིས་མཉན་པ་དང་། གནས་ཚུལ་ངོ་མར་ཕྱོགས་ཡོངས་ནས་ཡང་དག་པར་རྒྱུས་ལོན་བྱེད་པ། འོག་ནས་གོང་ལ་ལྟ་བ་དང་ཕྲ་མཐོང་ཆེ་ཤེས་ལ་དང་དོད་བྱས་ཏེ། མཛུབ་སྟོན་ལ་ཁ་ཕྱོགས་ཡོད་པ་དང་ལྟ་སྐུལ་སློབ་སྟོན་ལ་ཤུགས་ཡོད་པ། བྱ་བར་ལས་ཆོད་ཡོད་པ་བཅས་བྱེད་དགོས།
སྤྱོད་ཚུལ་འཛུགས་སྐྲུན་ནི་ནམ་ཡང་ལམ་དུ་ཡོད། ཚད་གཞི་མཐོན་པོ་དང་སྤུས་ཀ་མཐོན་པོས་མཛུབ་སྟོན་དང་ལྟ་སྐུལ་སློབ་སྟོན་གྱི་བྱ་བ་ལེགས་པོར་བསྒྲུབས་ཏེ། སློབ་སྦྱོང་སློབ་གསོ་རིམ་པ་བཞིན་དོན་འཁྱོལ་དང་གོམ་པ་རེ་རེ་ཟབ་སར་སྤོ་བར་སྐུལ་འདེད་གཏོང་བ་དང་། སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་ཞིབ་བཤེར་ལ་ཤུགས་ཚད་ཡོད་པ། དག་ཐེར་ལ་ཕན་འབྲས་ཡོད་པ་བཅས་ལ་ཁག་ཐེག་བྱས་ན། ད་གཟོད་སྤྱོད་ཚུལ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བསྐྲུན་ཐུབ་ཅིང་ལས་སྒྲུབ་ལས་གཏོད་ཀྱི་བྱས་རྗེས་གསར་པ་བསླང་ངེས་ལ། མི་དམངས་མང་ཚོགས་ཀྱི་ཡིད་ཆེས་དང་བརྩི་བཀུར་ཟམ་མི་ཆད་པ་འཐོབ་ངེས་པས། “ལྔ་བཅུ་བཞི”ལས་རྒྱལ་བར་འཛད་མེད་ཀྱི་སྒུལ་ཤུགས་སྣོན་ཐུབ་ལ། བཅོས་བསྒྱུར་སྔར་བས་ཕྱོགས་ཡོངས་ནས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་ཐུབ། །