ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “ལྔ་གཅིག”སླེབས་ཉེར་ཡོད་པས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པར་ངེས་པར་དུ་ལྟ་རྟོག་དམ་ཟབ་བྱེད་པ་དང་ལྷོད་གཡེང་ཅུང་ཙམ་ཡང་བྱེད་མི་རུང་། ཉེ་སྔོན། ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་དཔེ་མཚོན་གནད་དོན10ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་། ཞིབ་ཕྲའི་གནས་ཚུལ་གཤམ་གསལ་ལྟར།
ཞིང་ལས་ཞིང་སྡེ་པུའུ་ཡི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་དང་པུའུ་ཀྲང་ཐང་རེན་ཅན་གྱིས་གཞུང་དོན་གཞུང་དྲང་ངང་ལག་བསྟར་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་དང་ཡུལ་སྐོར་བྱེད་སྒོའི་བཀོད་སྒྲིག་དང་ལེན་བྱས་པ་དང་། སྒྲིག་འགལ་གྱིས་ལག་རྟགས་དང་འབུལ་རྟེན་བླངས་པའི་གནད་དོན།
ཁྲུང་ཆིང་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་ཀྲེང་ཧུང་གིས་སྒྲིག་འགལ་གྱིས་སྒེར་གཉེར་ཁེ་ལས་བདག་པོས་བཀོད་སྒྲིག་བྱས་པའི་གསོལ་སྟོན་དང་འཛད་སྤྱོད་མཐོ་བའི་རོལ་རྩེད་བྱེད་སྒོ་དང་ལེན་བྱས་པ་དང་། སྒྲིག་འགལ་གྱིས་གཞུང་དངུལ་གྱི་གསོལ་སྟོན་སྒྲིག་འཛུགས་བྱས་པའི་གནད་དོན།
ཀྲུང་གོ་ཞིང་ལས་དངུལ་ཁང་ཧུའུ་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གི་དེ་སྔའི་སྐོར་ཞིབ་པ་གཞོན་པ་ཅང་ཆི་ཡིས་ཡུན་རིང་ལ་ཆང་སྟོན་དང་ཤོ་སྦག་རྒྱན་འཛུགས། སྒྲིག་འགལ་བཟའ་འཐུང་ལ་མགོ་འཐོམས་ནས། སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་བླངས་ལ། གཉེན་སྒྲིག་དང་འདས་མཆོག་གཉེར་བ་བཅས་ཀྱི་གནད་དོན།
ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་བཟོ་ཚོགས་པའི་ཚད་ཡོད་ཀུང་སིའི་འཇིག་རྟེན་འཕུར་སྐྱོད་གཙང་གསུམ་འཕེལ་རྒྱས་འཆར་གཞི་པུའུ་ཡི་པུའུ་ཀྲང་གཞོན་པ་ཟུར་པ་ཞེ་ཡུང་ཧྥུང་གིས་གཞུང་དོན་དྲང་བདེན་ངང་ལག་བསྟར་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་པའི་གསོལ་སྟོན་དང་ཡུལ་སྐོར་བྱེད་སྒོའི་བཀོད་སྒྲིག་དང་ལེན་བྱས་པ་དང་། སྒྲིག་འགལ་གྱིས་ལག་རྟགས་བླངས་པའི་གནད་དོན།
རྒྱལ་ཁབ་བསྡོམས་རྩིས་ཅུས་ལིའོ་ཉིང་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གི་རིམ་པ་དང་པོའི་སྐོར་ཞིབ་པ་ཀྲའོ་ཀུའེ་ཅུན་གྱིས་འཚོ་བ་དམ་པོ་སྐྱེལ་བའི་བླང་བྱ་དང་འགལ་ནས་གཞུང་དངུལ་ཆུད་ཟོས་སུ་བཏང་བའི་གནད་དོན།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན་ཏུའོ་ཧའེ་ཧྲེང་གིས་རྟོག་ཞིབ་སློབ་སྦྱོང་གི་མིང་ཐོག་ནས་གཞུང་དངུལ་སྤྱད་དེ་ཡུལ་སྐོར་སྒྲིག་འཛུགས་བྱས་པ་དང་། སྒྲིག་འགལ་ངང་དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱི་གསོལ་སྟོན་དང་ལེན་བྱས་ལ། སྒྲིག་འགལ་ངང་བཟའ་འཐུང་གི་གནད་དོན་ནང་ཞུགས་པར་བཟོད་སྒོམ་དང་སྣེ་ཁྲིད་བྱས་པའི་གནད་དོན།
ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར་ཅིན་ཧྥུང་ཆུས་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་ཀྲང་ཐའོ་ཡིས་སྒྲིག་འགལ་གྱིས་ལག་རྟགས་བླངས་པའི་གནད་དོན།
ཅང་ཞི་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་ཞི་ལིའུ་ཅུན་ཧྥུའུ་ཡིས་རྨོངས་ཚོད་ཀྱིས“ཁྱད་ལྡན་གྲོང་རྡལ་ཆུང་བའི”ལས་གཞི་ནང་འདྲེན་བྱས་ནས། ས་ཞིང་དང་མ་དངུལ་ཆུད་ཟོས་སུ་བཏང་བ་སོགས་ཀྱི་གནད་དོན།
ཀོང་ཏུང་ཞིང་ཆེན་ཧུའེ་ཀྲོའུ་གྲོང་ཁྱེར་ཧུའེ་དབྱང་ཆུས་འཕེལ་རྒྱས་དང་བཅོས་སྒྱུར་ཅུས་ཡི་ཏང་ཙུའུ་ཁོངས་མི་དང་ཅུས་ཀྲང་གཞོན་པ་ལུའོ་ཅིན་ཝུན་གྱིས་ཁ་གཏད་རྣམ་པ་དང་ཕྱི་ཚུལ་རྣམ་པའི་སྒོ་ནས་ཡིད་རྟོན་སྟེགས་བུ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། ནོར་སྲིད་མ་དངུལ་འཕྲོ་བརླག་དང་གཞི་རིམ་གྱི་ཁུར་བོ་ཇེ་ཆེར་བཏང་བ་སོགས་ཀྱི་གནད་དོན།
ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་ཝུའུ་ཧྭ་ཆུས་རང་བྱུང་ཐོན་ཁུངས་ཅུས་ཀྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་དང་ཅུས་ཀྲང་ཧོ་དབྱི་ཡིས་ཁེ་ལས་ཀྱི་ཁེ་ཕན་ལ་སྣང་ཆུང་བྱས་པ་དང་། སྒྲིག་འགལ་གྱིས་ཞིབ་མཆན་བཀག་རྒྱ་བཙུགས་པ། ལས་ཀ་མི་སྒྲུབ་པ་དང་གང་བྱུང་དུ་སྒྲུབ་པ་སོགས་ཀྱི་གནད་དོན།
ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་བསྟན་དོན། གོང་གསལ་གྱི་བརྡ་ཁྱབ་བཏང་བའི་དཔེ་མཚོན་གྱོད་དཔེ10ཐོན་པ་དེས“སྤྱོད་ངན་བཞིའི”གནད་དོན་ངན་རེངས་རྙོག་འཛིང་ཆེ་བས། ངེས་པར་དུ་རྒྱུན་དུ་དམ་འཛིན་ལྷོད་མེད་བྱེད་དགོས་པ་ཡང་བསྐྱར་གསལ་བཤད་བྱས་ཡོད། མིག་སྔར། ཏང་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་དང་སློབ་གསོ་སྤེལ་བཞིན་ཡོད་པས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་མགོ་ཁྲིད་ཚོགས་ཆུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་དེར་གོ་བ་ཟབ་མོ་བླངས་ཏེ། སློབ་སྦྱོང་གྲོས་བསྡུར་དེ་གཏིང་ཟབ་དང་དོན་དངོས་ལ་གཞོལ་བ་དང་། གནད་དོན་བཤེར་འདོན་ལ་གས་སྦེད་མི་བྱེད་པ། གཅིག་བསྡུས་བཅོས་སྒྲིག་གཟབ་ནན་གྱིས་སྤེལ་བ། འགན་འཁྲི་གནད་ལ་འཁེལ་བར་དོན་འཁྱོལ་བྱེད་པ་བཅས་བྱས་ནས། འགོ་ཁྲིད་ལས་བྱེད་པ་དང་གསར་དུ་བསྐོ་འཇོག་བྱས་པའི་ལས་བྱེད་པ། ན་གཞོན་ལས་བྱེད་པ་བཅས་ཀྱི་སློབ་གསོ་དོ་དམ་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ། གཟེར་མ་འདེབས་པའི་སྙིང་སྟོབས་ཐོག་ནས་སྤྱོད་ཚུལ་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱ་དགོས། རིམ་པ་ཁག་གི་སྒྲིག་ཁྲིམས་ལྟ་ཞིབ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀུ་ཡངས་གཏན་ནས་མི་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། སྒྲིག་འགལ་བཟའ་འཐུང་དང་སྒྲིག་འགལ་གྱིས་ལག་རྟགས་འབུལ་རྟེན་སྤྲོད་ལེན། སྦྱོང་བརྡར་རྟོག་ཞིབ་ཀྱི་མིང་ཐོག་ནས་གཞུང་དངུལ་སྤྱད་དེ་ཡུལ་སྐོར་བྱེད་པ་སོགས་ཀྱི་གནད་དོན་ལ་རྡུང་རྡེག་དང་རྩད་གཅོད་ནན་མོ་བྱས་ཏེ། སློབ་གསོ་སློབ་སྦྱོང་བྱེད་རིང་གི་སྒྲིག་འགལ་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་དང་མགྱོགས་མྱུར་ཐག་གཅོད། ཡོངས་བསྒྲགསབརྡ་ཁྱབ་བཅས་བྱེད་དགོས།“ལྔ་གཅིག”སླེབས་ཉེར་ཡོད་པས། དུས་ཆེན་སྐབས་སུ་འབྱུང་སླ་བའི“སྤྱོད་ངན་བཞིའི”གནད་དོན་ལ་དོ་སྣང་བྱས་ཏེ། ཐེར་འདོན་ཐབས་ལམ་ཤར་གཏོང་དང་ཁུངས་སྣེ་ཡོང་ཁུངས་རྒྱ་བསྐྱེད་གཏོང་བ། མངོན་བཤེར་ལྐོག་འདྲིའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་དུས་ལྟར་གསར་རྙེད་དང་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ནས། སྤྱོད་གཙང་སྲོལ་བཟང་གི་དུས་ཆེན་གྱི་རྣམ་པ་བསྐྲུན་དགོས། །