ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་སྡེ་དར་རྒྱས་ཡོང་བར་ཤེས་ལྡན་མི་སྣ་ནི་གནད་འགག་ཡིན། གསར་འགོད་པས་ཟླ4པའི་ཚེས17ཉིན་ཞིང་ལས་ཞིང་སྡེ་པུའུ་ནས་ཤེས་གསལ་ལྟར་ན། 2025ལོར་ཞིང་ལས་ཞིང་སྡེ་པུའུ་ཞིང་སྡེ་སྤྱི་ཚོགས་ལས་དོན་སྐུལ་འདེད་སིས་ས་གནས་ཁག་ལ་ཞིང་སྡེ་རིག་གནས་ཀྱི་ཤེས་ལྡན་མི་སྣའི་གསོ་སྦྱོང་འཛིན་གྲྭ་ཐེངས300ལས་མི་ཉུང་བ་གཉེར་རྒྱུར་མཛུབ་ཁྲིད་དང་། ཞིང་སྡེ་རིག་གནས་ཀྱི་སྣེ་ཁྲིད་མི་སྣ15000ལས་མི་ཉུང་བ་གསོ་སྐྱོང་བྱས་ནས། ཞིང་སྡེ་རིག་གནས་དར་སྤེལ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་པ་རེད།
ཉེ་ཆར་ཞིང་ལས་ཞིང་སྡེ་པུའུ་ཞིང་སྡེ་སྤྱི་ཚོགས་ལས་དོན་སྐུལ་འདེད་སིས་མཛུབ་ཁྲིད་དང་ཀུའེ་ཀྲོའུ་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་ཞིང་སྡེ་རིག་གནས་ཤེས་ལྡན་མི་སྣའི་གསོ་སྦྱོང་འཛིན་གྲྭ་ཐོག་མ་དེ་ཀུའེ་ཀྲོའུ་ཞིང་ཆེན་ཆན་ཏུང་ནན་ཁུལ་ཐའེ་ཅང་རྫོང་དུ་འཚོགས་པ་རེད། ད་ཐེངས་གསོ་སྦྱོང་གིས་ཀུའེ་ཀྲོའུ་ཡི་ཞིང་སྡེ་རིག་གནས་ཐོན་ཁུངས་ལ་རྐང་བཙུགས་ནས། “སྡེ་བའིBA”དང“སྡེ་བའི་རིམ་འདས་འགྲན་སྡུར”།“སྡེ་བ་རིམ་པའི་གླུ་གར་འགྲན་སྡུར”སོགས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་རྟགས་བྱེད་སྒོར་དམིགས་ཏེ། རིགས་པའི་གཞུང་ལུགས་དང་ཡུལ་དངོས་སློབ་ཁྲིད། ཚན་བགར་གྲོས་བསྡུར་སོགས་ཀྱི་རྣམ་པ་སྣ་ཚོགས་ལ་བརྟེན་ནས། སློབ་མའི་བྱེད་སྒོའི་ཇུས་འགོད་དང་། དྲིལ་སྒྲོག་ཁྱབ་གདལ། ཐོན་ཁུངས་ཧྲག་སྡུད་ནུས་པ་བཅས་རྒྱུད་རིམ་ལྡན་པའི་སྒོ་ནས་མཐོར་འདེགས་བཏང་སྟེ། ཁྱད་ཆོས་ལྡན་པའི་ཞིང་སྡེའི་རིག་གནས་སྤུས་རྟགས་གཏོད་རྒྱུར་རོགས་རམ་བྱ་རྒྱུ་རེད།
གསོ་སྦྱོང་བྱེད་སྐབས། ལས་རིགས་ནང་ཁུལ་གྱི་ཆེད་མཁས་པས་ཞིང་པ་མང་ཚོགས་ཀྱིས་མཐོང་འདོད་ཉན་སྤྲོའི་ཞིང་སྡེ་རིག་གནས་བྱེད་སྒོར་དམིགས་ནས་ཞིང་སྡེའི་རིག་གནས་ལུས་རྩལ་ཡུལ་སྐོར་གཏིང་ཟབ་ངང་མཉམ་འདྲེས་འཕེལ་རྒྱས་ཡོང་བར་ཇི་ལྟར་བྱས་ནས་སྐུལ་འདེད་གཏོང་བ་དང་། ཞིང་སྡེ་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་མིང་བྱང་ཇི་ལྟར་གཏོད་པའི་ཐད་ནས་ཉམས་མྱོང་སྤེལ་རེས་བྱས། གསོ་སྦྱོང་འཛིན་གྲྭས་སློབ་མ་སྒྲིག་འཛུགས་བྱས་ནས་ཐའེ་ཅང་རྫོང་ཐའེ་ཕན་སྡེ་བར་ཡུལ་དངོས་སུ2025ལོའི་རྒྱལ་ཡོངས་ཀྱི་འཆམ་མཐུན་མཛེས་སྡུག་གི་ཞིང་སྡེའི་ལན་ཆིའུ་སྤོ་ལོ་འགྲན་བསྡུར་གྱི་འགོ་ཚུགས་འགྲན་བསྡུར་ལ་བལྟས་པ་དང་། རུང་ཅང་རྫོང་དུ་ཡུལ་དངོས་སུ“སྡེ་བའི་རིམ་འདས་འགྲན་སྡུར”བལྟས་པས། སློབ་མར“སྡེ་བའི་མིང་རྟགས”བྱེད་སྒོའི་ངོ་མཚར་ཆེ་བའི་ཡིད་དབང་འཕྲོག་ཤུགས་ལ་རོལ་མྱོང་བྱེད་དུ་བཅུག ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་རིག་གནས་རྒྱུན་འཛིན་དང་ཞིང་པའི་ལུས་རྩལ་བྱེད་སྒོའི་ཇུས་འགོད་བྱེད་མཁན་གྱི་ཞིང་པའི་འཐུས་མི་དང་། གྲོང་ཚོར་བཅའ་སྡོད་བྱེད་པའི་སློབ་ཆེན་སློབ་མ་དང་དེ་བཞིན་རིག་རྩལ་རྩ་འཛུགས་ཀྱི་ལས་ཀ་བྱེད་མཁན53ད་ཐེངས་ཀྱི་གསོ་སྦྱོང་ནང་ཞུགས། །