ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་གྲོས་གཞི269འབྱོར་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས9ཉིན་གྱི་ཕྱི་དྲོར། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་དྲུང་ཡིག་ཁྲུའུ་གྲོས་གཞིའི་ཚོགས་ཆུང་གི་ཙུང་ཀྲང་ངམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀུའོ་ཀྲེན་ཧྭ་ཡིས་འཐུས་མིའི་གྲོས་གཞིའི་བསམ་འཆར་ཐག་གཅོད་བྱེད་པའི་སྐོར་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས། ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་གཏན་འབེབས་བྱས་པའི་འཐུས་མིས་གྲོས་གཞི་བཏོན་པའི་མཚམས་འཇོག་དུས་ཚོད་ལྟར་ན། ཟླ3པའི་ཚེས8ཉིན་གྱི་ཆུ་ཚོད12བར་དུ་ཚོགས་ཆེན་དྲུང་ཡིག་ཁྲུའུ་ལ་བསྡོམས་པས་གྲོས་གཞི269འབྱོར་ཞིང་། དེའི་ནང་འཐུས་མི་ཚོགས་པས་བཏོན་པའི་གྲོས་གཞི26དང་འཐུས་མི30ཡན་གྱིས་མཉམ་འབྲེལ་ཐོག་བཏོན་པའི་གྲོས་གཞི243ཡོད།

ཤེས་གསལ་ལྟར་ན། ད་ལོའི་འཐུས་མིའི་གྲོས་གཞི་མང་ཆེ་བ་ནི་ཁྲིམས་ལུགས་གྱོད་གཞིའི་གྲོས་གཞི་ཡིན་པ་དང་། འབྲེལ་ཡོད་ཁྲིམས་འཛུགས་ཐད་ཀྱི་གྱོད་གཞི268དང་། འབྲེལ་ཡོད་ལྟ་སྐུལ་ཐད་ཀྱི་གྱོད་གཞི1ཡོད། དེ་དག་ལ་ཁྱད་ཆོས་གསུམ་མངོན་ཡོད་པ་སྟེ། གཅིག་ནི་འཐུས་མིས་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་གྲོས་གཞིའི་སྤུས་ཚད་ལ་སྔར་བས་དོ་སྣང་བྱས་ཡོད། ད་ལོའི་གྲོས་གཞིའི་གྲངས་འབོར་ན་ནིང་གི298ལས་ཅུང་ཉུང་དུ་ཕྱིན་པ་དང་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། གཉིས་ནི་བཅོས་སྒྱུར་དང་ཁྲིམས་སྐྱོང་གཅིག་གྱུར་རྒྱུན་འཁྱོངས་བྱས་ནས་གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། ཕྱི་འབྲེལ་ཁྱབ་ཁོངས་བཅས་ཀྱི་ཁྲིམས་འཛུགས་ལ་ཚད་མཐོའི་དོ་ཁུར་བྱས་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་སྤྱི་པའི་བདེ་འཇགས་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་སོགས་ཐད་ཀྱི་གྲོས་གཞི་ཁྱོན205ཡོད་པ་དེས་གྲོས་གཞི་བསྡོམས་འབོར་གྱི76.2%སླེབས་ཡོད། གསུམ་ནི་ཏང་ཀྲུང་དབྱང་གིས་ཆོག་མཆན་སྤྲད་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་འཆར་འགོད་ལ་བརྟན་རླིང་ངང་སྐུལ་འདེད་བཏང་ཡོད། གྲོས་གཞི170ནང་བཏོན་པའི་ཁྲིམས་འཛུགས་རྣམ་གྲངས་སྐབས་འདིའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་འཆར་འགོད་ནང་བཅུག་པ་དང་། གྲོས་གཞི་བསྡོམས་འབོར་གྱི63.2%སླེབས་ཡོད།

ཀུའོ་ཀྲེན་ཧྭ་ཡིས་བསྟན་དོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་ཡོངས་དམངས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་འཐུས་མིའི་གྲོས་གཞིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བཞིན་ཡོད། ད་ལོར་རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་ནན་ཏན་བྱས་པའི་རྨང་གཞིའི་སྟེང་། ཁྲིམས་ལྟར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་གཞིར་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་འདོན་རྒྱུ་རེད། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པའི་སྐབས་སུ་འཐུས་མིས་བཏོན་པའི་གྲོས་གཞི་ལ་ཆེད་དོན་ཨུ་ཡོན་ལྷན་ཁང9ཡིས་གྲོས་ཞིབ་བྱས་ཚར་བ་དང་འབྲེལ་འཐུས་མིར་ལན་བཏབ་ཟིན་པ་དང་། དེའི་ནང་གྲོས་གཞི10དང་འབྲེལ་བ་ཡོད་པའི་ཁྲིམས་འཛུགས་རྣམ་གྲངས8ལ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། གྲོས་གཞི25དང་འབྲེལ་བ་ཡོད་པའི་ཁྲིམས་འཛུགས་རྣམ་གྲངས11རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུའི་རེ་ཞུ་བྱས་ཟིན་པ་རེད། གྲོས་གཞི157དང་འབྲེལ་བ་ཡོད་པའི་ཁྲིམས་འཛུགས་རྣམ་གྲངས58ཁྲིམས་འཛུགས་འཆར་འགོད་སམ་འཆར་གཞིའི་ནང་བཅུག་ཡོད།

གཞན་ཡང་ཚོགས་ཆེན་དྲུང་ཡིག་ཁྲུའུ་ལ་འཐུས་མིའི་བསམ་འཆར8000ལྷག་འབྱོར་ཡོད། འཐུས་མིའི་བསམ་འཆར་ནི་སྣ་མང་ཅན་གྱི་འཛད་སྤྱོད་རྣམ་པ་གསར་གཏོད་བྱས་ནས་འཛད་སྤྱོད་དང་དངུལ་གཏོང་ཟུང་འབྲེལ་སྔར་ལས་ལེགས་པོར་གཏོང་བར་སྐུལ་འདེད་གཏོང་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་གྱི་སྒུལ་ཤུགས་གསར་གཏོད་དང་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། “མིས་བཟོས་རིག་ནུས+”ཀྱི་ནུས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་གཏོང་དགོས། དམངས་གཉེར་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱས་ཏེ། ཚན་རྩལ་སྣེ་ཁྲིད་ཁེ་ལས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱ་དགོས། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་བཟོ་འགོད་ལས་དོན་དང་ཟུང་འབྲེལ་བྱས་ནས། ས་ཁོངས་འཐབ་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁང་བདག་ཁོངས་དང་དངུལ་རྩ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སེལ་ནུས་ལྡན་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པོ་བྱེད་དགོས། ཞིང་ལས་སྟོབས་ལྡན་དང་ཞིང་ཕན་ཞིང་ཕྱུག་གི་རྒྱབ་སྐྱོར་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ཞིང་པའི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་དགོས། སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་། འཚོ་སྡོད་ལ་འཚམ་པ་དང་། མཉེན་ཤུགས་ལྡན་པ། ཤེས་རིག་ལྡན་པའི་གྲོང་ཁྱེར་བསྐྲུན་དགོས། ལངས་གཟུགས་རྣམ་པའི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་མ་ལག་བཙུགས་ནས། དཔལ་འབྱོར་དང་སྤྱི་ཚོགས་ལྗང་མདོག་ཕྱོགས་སྒྱུར་ཇེ་མགྱོགས་སུ་གཏོང་དགོས། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བ་དང་ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། གཞི་རྩའི་སྨན་བཅོས་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་མི་དམངས་ཀྱི་བདེ་ཐང་བདེ་སྐྱིད་ཆེ་རུ་གཏོང་དགོས་པ་སོགས་ཀྱི་སྐོར་ལ་གཅིག་སྡུད་བྱས་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།