ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཧང་ག་རིའི་པུའུ་ཏ་ཕའེ་སི་རྒྱལ་སྤྱི་གནམ་གྲུ་འབབ་ཚིགས་སུ་འབྱོར་ནས་ཡིག་ངོས་གཏམ་བཤད་སྤེལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧང་ག་རིའི་པུའུ་ཏ་ཕའེ་སི་རྒྱལ་སྤྱི་གནམ་གྲུ་འབབ་ཚིགས་སུ་འབྱོར་ནས་ཡིག་ངོས་གཏམ་བཤད་སྤེལ།

ཧང་ག་རིའི་པུའུ་ཏ་ཕའེ་སི་རྒྱལ་སྤྱི་གནམ་གྲུ་འབབ་ཚིགས་སུ་འབྱོར་བའི་ཡིག་ངོས་གཏམ་བཤད།

(2024ལོའི་ཟླ5པའི་ཚེས8ཉིན། པུའུ་ཏ་ཕའེ་སི།)

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཞི་ཅིན་ཕིང་།

ཙུང་ཐུང་ཧྲུའུ་ཡིའུ་ཁི་དང་ཙུང་ལི་ཨོའུ་པན་གྱི་གདན་ཞུ་བྱས་པ་ལྟར། མཛེས་སྡུག་ཡིད་འོང་གི་ཧང་ག་རིར་རྒྱལ་དོན་འཚམ་འདྲི་གནང་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཧང་ག་རི་སྲིད་གཞུང་དང་ཧང་ག་རི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམ་འདྲི་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།

ཧང་ག་རིའི་ལོ་རྒྱུས་ཡུན་རིང་བ་དང་རིག་གནས་ཀྱི་གཏིང་ཟབ་པ་ཡིན། ཧང་ག་རིའི་མི་དམངས་ནི་ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པ་དང་སྒོ་འབྱེད་ཁོང་ཡངས་ཡིན་ལ། གསར་འབྱེད་བྱེད་ཕོད་པ་དང་གསར་སྐྲུན་ལ་མཁས་པ་ཡིན། ཉེ་བའི་ལོ་འགའི་རིང་། ཧང་ག་རིའི་སྲིད་གཞུང་དང་མི་དམངས་ཀྱིས་དཀའ་སྤྱད་འབད་འབུངས་དང་མདུན་སྐྱོད་ཡར་བརྩོན་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་དགའ་འོས་པའི་གྲུབ་འབྲས་བླངས་ཡོད། གྲོགས་པོ་བཟང་པོ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པའི་ཆ་ནས། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱང་སེམས་གཏིང་ནས་དགའ་སྤྲོ་སྐྱེས་ཡོད།

ཀྲུང་ཧང་རྒྱལ་ཁབ་གཉིས་ནི་ཕན་ཚུན་ཡིད་རྟོན་གྱི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་ཡིན། 1949ལོར་ཧང་ག་རི་ནི་ཆེས་ཐོག་མར་ཀྲུང་གོ་གསར་བ་ཁས་ལེན་མཁན་དང་་ཕྱི་འབྲེལ་འཛུགས་མཁན་གྱི་རྒྱལ་ཁབ་གྲས་ཡིན། 2004ལོར། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས། 2017ལོར་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་མགྱོགས་མྱུར་ངང་གོང་འཕེལ་དུ་སོང་ཞིང་སྲོལ་རྒྱུན་མཛའ་བརྩེ་མི་སེམས་སུ་ཟུག་ཡོད། ཉེ་བའི་ལོ་འགའི་རིང་། ཕྱོགས་གཉིས་ཀྱི་མཐོ་རིམ་འགྲོ་འོང་དམ་ཟབ་ཏུ་གྱུར་ཏེ། ཡིད་རྟོན་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་བྱུང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་གྲུབ་འབྲས་ཕུན་སུམ་ཚོགས་ལ། མི་ཆོས་བརྗེ་རེས་སྣ་མང་ཕུན་ཚོགས་སུ་གྱུར་པས། རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་མཐུན་སྦྱོར་དང་རོགས་ལས་དམ་དུ་གྱུར་ཏེ། ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་དྲང་གཞག མཉམ་ལས་མཉམ་རྒྱལ་གྱི་གསར་དར་འབྲེལ་བར་དཔེ་མཚོན་བཙུགས་ཡོད།

ད་ལོ་ནི་ཀྲུང་ཧང་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པའི་ལོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ལ་གོ་སྐབས་གལ་ཆེན་བསུས་ཡོད། ངས་ཙུང་ཐུང་ཧྲུའུ་ཡིའུ་ཁི་དང་ཙུང་ལི་ཨོའུ་པན་སོགས་ཧང་ག་རིའི་མགོ་ཁྲིད་མི་སྣའི་ཐུག་འཕྲད་ལ་རེ་སྒུག་བྱེད་ཀྱིན་ཡོད་པ་དང་། ཐུན་མོང་ཐོག་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་འཕེལ་རྒྱས་ལ་ཇུས་འགོད་གསར་བ་བཟོས་ཏེ། ཀྲུང་ཧང་འབྲེལ་བ་སྔར་ལས་ཆུ་ཚད་མཐོ་བའི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་པར་སྣེ་ཁྲིད་བྱེད་རྒྱུའི་རེ་བ་ཡོད། ང་རང་རྒྱལ་སྤྱིའི་འགྱུར་ལྡོག་ཇི་ལྟར་ཆེ་ནའང་ཀྲུང་ཧང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་ཁོག་རྒྱ་ཡངས་ཤིང་མིག་རྒྱང་རིང་པོའི་སྒོ་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་དམ་འཛིན་དང་ལྟ་སྟངས་འཛིན་པ་དང་། ཞུམ་མེད་མདུན་སྐྱོད་དང་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་ཏེ། འཛམ་གླིང་གི་ཞི་བདེ་གཏན་འཇགས་དང་འཕེལ་རྒྱས་གོང་སྤེལ་ལ་དགོས་ངེས་ཀྱི་བྱས་རྗེས་འཇོག་ཐུབ་པར་ཡིད་ཆེས་ཡོད། ཐུན་མོང་གི་འབད་བརྩོན་འོག་ཐེངས་འདིའི་འཚམ་འདྲི་རྒྱལ་ཁའི་ངང་མཇུག་སྒྲིལ་ནས་ཀྲུང་ཧང་འབྲེལ་བས་སྔར་ལས་མཛེས་སྡུག་གི་མ་འོངས་པ་བསུ་ཐུབ་པར་ཡིད་ཆེས་ཀྱིས་གཏམས་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།