ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་པུའུ་ཏ་ཕེ་སི་རུ་ཕེབས་ནས་ཧང་ག་རིར་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཟླ5པའི་ཚེས8ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་པུའུ་ཏ་ཕེ་སི་རུ་ཕེབས་ནས།  ཧང་ག་རིའི་ཙུང་ཐུང་ཧྲུའུ་ཡིའུ་ཁི་དང་ཙུང་ལི་ཨོ་ཨར་པན་གཉིས་ཀྱི་གདན་ཞུ་ལྟར། ཧང་ག་རིར་རྒྱལ་དོན་འཚམས་འདྲི་མཛད་མགོ་བརྩམས།

ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ཧང་ག་རིའི་མངའ་ཁོངས་སུ་འབྱོར་རྗེས། ཧང་ག་རིའི་མཁའ་དམག་གནམ་གྲུ་གཉིས་ཀྱིས་བར་སྣང་ནས་སྲུང་སྐྱོབ་བྱས།

ཞི་ཅིན་ཕིང་བཞུགས་པའི་ཆེད་བཏང་གནམ་གྲུ་པུའུ་ཏ་ཕེ་སི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་སླེབས་པ་ན། ཧང་ག་རིའི་ཙུང་ལི་ཨོ་ཨར་པན་བཟའ་ཟླ་གཉིས་དང་། ཕྱི་འབྲེལ་པུའུ་ཀྲང་ཞི་ཡ་ཨར་ཏོ་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་པོས་དགའ་སྤྲོའི་ངང་བསུ་མ་བྱས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་དང་ལྕམ་མོས་བརྩེ་བའི་ཕྱག་འཇུ་གནང་ཞིང་། ཙུང་ལི་ཨོ་ཨར་པན་གྱིས་དགེ་རྒན་ཆེན་མོ་ཕིན་ལི་ཡོན་ལ་མེ་ཏོག་ཕུལ། གུས་ཞབས་དམག་མི་ས་གདན་དམར་པོའི་གཡས་གཡོན་དུ་གྲལ་བསྒྲིགས་ཏེ་གུས་འདུད་ཞུས། མི་རིགས་ལྭ་བ་གྱོན་པའི་ཧང་ག་རིའི་བྱིས་པ་གཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་བཟའ་ཟླ་གཉིས་ལ་བག་སོབ་གོ་རེ་དང་ཚྭ་བྱིན་ནས། སྲོལ་རྒྱུན་གྱི་གུས་སྲོལ་ལྟར་ཆེས་གལ་ཆེ་བའི་སྐུ་མགྲོན་ལ་བསུ་མ་བྱས། རྒྱལ་ཁབ་གཉིས་ཀྱི་སྐད་གཉིས་སློབ་གྲྭའི་སློབ་མས་ཞི་ཅིན་ཕིང་བཟའ་ཟླ་གཉིས་ལ་མེ་ཏོག་ཕུལ་ཏེ། རྒྱ་སྐད་ཀྱི་ལམ་ནས་ཁྱེད་རང་ཧང་ག་རིར་ཕེབས་པར་དགའ་བསུ་ཞུ་ཞེས་བཤད་པ་དང་། ན་གཞོན་བྱིས་པ་རྣམས་ཀྱིས་མི་རིགས་ཀྱི་སྲོལ་རྒྱུན་གླུ་གར་ཁྲར་ཏ་ཧྲི་ཞབས་བྲོ་འཁྲབ་ནས། ཞི་ཅིན་ཕིང་ཕེབས་པར་སྤྲོ་སེམས་རབ་ཏུ་འཁོལ་བའི་བསུ་མ་བྱས།

ཞི་ཅིན་ཕིང་གིས་ཡིག་ཐོག་གི་གསུང་བཤད་གནང་། ཞི་ཅིན་ཕིང་གིས་ཙུང་ཐུང་ཧྲུའུ་ཡིའུ་ཁི་དང་ཙུང་ལི་ཨོ་ཨར་པན་གཉིས་ཀྱི་ལྷག་བསམ་རྣམ་དག་གིས་གདན་དྲངས་པ་ལྟར། མཛེས་སྡུག་ལྡན་པའི་ཧང་ག་རིར་རྒྱལ་དོན་འཚམས་འདྲི་བྱེད་ཐུབ་སོང་བས་ཧ་ཅང་དགའ་སྤྲོ་སྐྱེས་ཡོད། ཀྲུང་གོ་དང་ཧང་ག་རི་ནི་ཕན་ཚུན་ཡིད་རྟོན་གྱི་གྲོགས་པོ་བཟང་པོ་དང་ཟླ་གྲོགས་བཟང་པོ་ཡིན། ཉེ་བའི་ལོ་འདི་འགར། ཕྱོགས་གཉིས་ཀྱིས་མཐོ་རིམ་བར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་བཏང་ཞིང་། ཕན་ཚུན་ཡིན་རྟོན་བྱེད་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ཡོད་ལ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་མཉམ་ལས་ཀྱི་གྲུབ་འབྲས་ཁྱད་དུ་འཕགས་ཤིང་།  མི་ཆོས་རིག་གནས་བརྗེ་རེས་ཕུན་སུམ་ཚོགས་པ་དང་། རྒྱལ་སྤྱི་དང་ས་གནས་ལས་དོན་ཁྲོད་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས་ཏེ། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་དྲང་གཞག མཉམ་ལས་གཉིས་རྒྱལ་གྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་དཔེ་མཚོན་བསྐྲུན་ཡོད། ད་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར75ལོན་པའི་ལོ་ཡིན་པས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་གལ་ཆེ་བའི་གོ་སྐབས་དང་འཕྲད་ཡོད། ངས་ཙུང་ཐུང་ཧྲུའུ་ཡིའུ་ཁི་དང་ཙུང་ལི་ཨོ་ཨར་པན་སོགས་ཧང་ག་རིའི་མགོ་ཁྲིད་པར་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་འཕེལ་རྒྱས་ཀྱི་ཇུས་གཞི་གསར་པར་མཉམ་དུ་འཆར་འགོད་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་དུ་སླེབས་པར་སྣེ་ཁྲིད་བྱེད་རྒྱུའི་རེ་སྒུག་བྱས་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་ཡང་། ཀྲུང་གོ་དང་ཧང་ག་རིས་མཐོངས་ཡངས་པའི་མིག་རྒྱང་དང་ཡུན་རིང་གི་ཕུགས་འདུན་བསམ་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་བལྟ་བ་དང་དེར་སྟངས་འཛིན་ཡང་དག་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འབད་འབུངས་ཡར་བརྩོན་དང་དཔའ་སྐྱེད་མདུན་སྐྱོད་བྱེད་པ་དང་། ལག་རྡང་མཉམ་སྦྲེལ་གྱིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བཙུགས་ནས། འཛམ་གླིང་གི་ཞི་བདེ་བརྟན་འཇགས་དང་འབྱོར་ཕྱུག་འཕེལ་རྒྱས་ཐད་འཇོག་འོས་པའི་བྱས་རྗེས་འཇོག་ཐུབ་པར་ཡིད་ཆེས་ཡོད་ལ། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག ཐེངས་འདིའི་འཚམས་འདྲིར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་ཐུབ་ཅིང་། ཀྲུང་གོ་དང་ཧང་ག་རིའི་འབྲེལ་བས་སྔར་ལས་མཛེས་སྡུག་གི་མ་འོངས་པ་བསུ་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས།

ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕིན་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་ལས་ཐིན་གྱི་ཀྲུའུ་རེན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་སོགས་ཀྱིས་མཉམ་དུ་འཚམས་འདྲི་བྱས།

ཀྲུང་གོའི་ཧང་ག་རིར་སྡོད་པའི་གཞུང་ཚབ་ཆེན་མོ་གུང་ཐའོ་ཡིས་གནམ་གྲུ་ཐང་དུ་བསུ་མ་བྱས།

ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་གསོལ་མགྲོན་ཁང་དུ་ཕེབས་པའི་ལམ་བར་དུ། ས་གནས་དེའི་ཀྲུང་གོ་པ་དང་ཀྲུང་གོའི་ཕྱི་སྡོད་རང་མི། ཀྲུང་གོའི་ཕྱི་འགྲིམས་སློབ་མ་སོགས་མི་བརྒྱ་ཕྲག་ཁ་ཤས་ལམ་འགྲམ་དུ་མཉམ་དུ་འཛོམས་ནས། རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་བཟུང་ཞིང་། ཀྲུང་གོ་དང་ཧང་ག་རིའི་མཛའ་བརྩེ་ནམ་ཡང་ནུབ་པ་མེད་ཅེས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་བར་དགའ་སྤྲོའི་རྟེན་འབྲེལ་ཞུ་ཞེས་པའི་འཕྲེད་བྱང་ཡར་བཀྱགས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་ཕེབས་པར་བསུ་མ་བྱས།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།