ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་དང་ཝུའུ་ཁི་ལན་གྱི་ཉམས་ཉེན་གླེང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ5པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་རི་སིའི་ཨའེ་ལི་ཧྲོའུ་ཕོ་བྲང་དུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁོ་ལུང་དང་གྲོལ་མོལ་གནང་རྗེས་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱེད་སྐབས། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་དང་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་གསལ་བཤད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཀྱི་སྐྱོ་གར་འདི་ད་ལྟའི་བར་དུ་རྒྱུན་བསྲིངས་པ་ནི་མིའི་རིགས་ཀྱི་དགེ་སེམས་ཐད་ཀྱི་ཉམས་སད་ཐེངས་ཤིག་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་དེའི་ཐད་ནུས་པ་འདོན་དགོས། ང་ཚོས་ཅ་ཧྲ་འཁྲུག་རྩོད་ཕྱོགས་ཡོངས་དང་རྒྱུན་མཐུད་ཐུབ་པའི་ངང་མཚམས་འཇོག་པ་དང་། ཕ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་འགྱུར་བར་རྒྱབ་སྐྱོར་བྱེད་པ། ཕ་ལེ་སི་ཐན་གྱི་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ཡང་བསྐྱར་ལག་བསྟར་བྱེད་མགོ་བརྩམས་ནས་དབུས་ཤར་ས་ཁུལ་གྱི་ཞི་བདེ་མངོན་འགྱུར་ཡོང་བའི་འབོད་སྐུལ་བཏང་བ་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐེངས་མང་པོར་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ཀྱི་ལངས་ཕྱོགས་གསལ་བཤད་བྱས་མྱོང་། ཀྲུང་གོ་ནི་ཉམས་ཉེན་དེ་བཟོ་མཁན་མིན་ལ། དོ་བདག་པའང་མིན་ལ་ཟབ་ཞུགས་བྱེད་མཁན་དེ་བས་ཀྱང་མིན། འོན་ཀྱང་ང་ཚོས་རྒྱུན་པར་རྒྱང་ནས་ལྟད་མོར་མ་བལྟས་པར་ཞི་བདེ་མངོན་འགྱུར་ཡོང་བར་ནུས་པ་བླ་ལྷག་འདོན་གྱིན་ཡོད། ཀྲུང་གོ་སྲིད་གཞུང་གི་ཡོ་རོབ་དང་ཨེ་ཤ་ཡའི་ལས་དོན་གྱི་ཆེད་དོན་འཐུས་མིས་སྐོར་ཐེངས་གསུམ་པའི་བར་འདུམ་བྱེད་མགོ་བརྩམས། དེ་དང་མཉམ་དུ། ང་ཚོས་ཝུའུ་ཁི་ལན་བརྒྱུད་ནས་རྒྱལ་ཁབ་གཞན་པར་ངན་ཁག་དཀྲི་བ་དང་སྐྱོན་འཛུགས་བྱས་ནས་འཇམ་འཐབ་གསར་བ་བསྐྱེད་པར་ངོ་རྒོལ་བྱེད་རྒྱུ་ཡིན། ལོ་རྒྱུས་ཀྱིས་ཡང་དང་བསྐྱར་དུ་འགལ་རྩོད་གང་ཡིན་རུང་མཐའ་མར་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་དགོས་པ་གསལ་སྟོན་བྱས་ཡོད། ང་ཚོས་ཕྱོགས་སོ་སོས་ཡང་བསྐྱར་འབྲེལ་འདྲིས་བྱེད་པ་དང་རིམ་བཞིན་ཡིད་ཆེས་བསྐྱེད་པར་འབོད་སྐུལ་གཏོང་རྒྱུ་དང་། དུས་དང་བསྟུན་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་ཁས་ལེན་པ་དང་ཕྱོགས་སོ་སོ་འདྲ་མཉམ་སྒོས་ཟབ་ཞུགས་བྱེད་པ། དྲང་གཞག་སྒོས་ཞི་བདེའི་ཇུས་གཞིར་གྲོས་མོལ་བྱེད་པའི་རྒྱལ་སྤྱིའི་ཚོགས་འདུ་བསྡུས་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན། དྲང་སྙོམ་ཡིན་ཞིང་ནུས་ལྡན་ཡིན་པ། རྒྱུན་མཐུད་ཐུབ་པའི་ཡོ་རོབ་ཀྱི་བདེ་འཇགས་སྒྲོམ་གཞི་འཛུགས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།