ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་གཉིས་པའི་རྒྱལ་ཡོངས་གྲོང་གསེབ་དར་སྤེལ་གྱི་ལས་རིགས་ནུས་རྩལ་འགྲན་བསྡུར་ཆེན་མོ་ཀུའེ་དབྱང་ནས་བསྡུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་གཉིས་པའི་རྒྱལ་ཡོངས་གྲོང་གསེབ་དར་སྤེལ་གྱི་ལས་རིགས་ནུས་རྩལ་འགྲན་བསྡུར་ཆེན་མོ་ཟླ5པའི་ཚེས8ཉིན་ནས་ཚེས10ཉིན་བར་ཀུའེ་དབྱང་ནས་བསྡུས་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་སོ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་འགྲན་ཞུགས་པ701གིས་རྩིག་སྐྲུན་དང་རླངས་འཁོར་ཞིག་གསོ། ཞིང་ལས་འཕྲུལ་ཆས་ཞིག་གསོ་སོགས་ལས་གཞི་སྣ11གི་འགྲན་བསྡུར་ལ་ཞུགས་རྒྱུ་རེད།

ལས་རིགས་ནུས་རྩལ་འགྲན་བསྡུར་ནི་ནུས་རྩལ་འཇོན་མི་གསོ་སྐྱོང་གདམ་གསེས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཡིན་པའི་ཆ་ནས། ནུས་རྩལ་འཇོན་མི་བྱ་བའི་ཁྲོད་སྣེ་ཁྲིད་སྐུལ་ཁྲིད་ཀྱི་བྱེད་ནུས་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད་ཅེས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་ལས་རིགས་ནུས་པ་འཛུགས་སྐྲུན་སི་ཡི་སི་ཀྲང་གཞོན་པ་ཝང་ཞའོ་ཡུན་གྱིས་ཚེས7ཉིན་སྤེལ་བའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་སྟེང་བསྟན་པ་དང་། རྒྱལ་ཡོངས་གྲོང་གསེབ་དར་སྤེལ་ལས་རིགས་ནུས་རྩལ་གྱི་འགྲན་བསྡུར་ཆེན་མོ་སྤེལ་བའི་དམིགས་ཡུལ་ནི་མི་སྔར་ལས་མང་པོས་ནུས་རྩལ་ལ་དོ་སྣང་དང་ནུས་རྩལ་ལ་སློབ་སྦྱོང་། ནུས་རྩལ་མཐོར་འདེགས་བྱེད་པར་སྐུལ་ཁྲིད་བྱས་ཏེ། ཕྱོགས་ཡོངས་ནས་ནུས་རྩལ་འཇོན་མི་གསོ་སྐྱོང་གི་ནུས་པའི་ཆུ་ཚད་མཐོར་འདེགས་བཏང་སྟེ། རྒྱ་ཆེའི་གྲོང་གསེབ་ངལ་རྩོལ་པའི་འཚར་ལོངས་དང་འཇོན་འགྱུར་ལ་ཆ་རྐྱེན་བསྐྲུན་པ་དང་སྟེགས་བུ་བསྐྲུན་ནས་གྲོང་གསེབ་ཕྱོགས་ཡོངས་ཀྱི་དར་སྤེལ་ལ་རམ་འདེགས་གཏོང་རྒྱུ་དེ་རེད།

ཞིང་སྡེའི་དངོས་བཀོལ་ནུས་རྩལ་ལ་གཞིགས་ཏེ། འགྲན་བསྡུར་གྱིས་ཞིག་གསོ་དང་ཞིང་ལས་འཕྲུལ་ཆས་ཞིག་གསོ། གློག་བཟོ། སྐྲ་བཞར། རྒན་གསོ་བདག་སྐྱོང་། ཕྲུ་གུ་གསོ་སྐྱོང་། རྒྱའི་ཕྱེ་ཟས། ཟ་ཁང་གི་ཞབས་ཞུ། གློག་རྡུལ་ཚོང་དོན། ཇ་རྩལ་བཅས་འགྲན་བསྡུར་ལས་གཞི11བཙུགས་ལ། འགྲན་བསྡུར་ལས་གཞི་རེ་རེར་ལས་བཟོ་བའི་ཚན་ཆུང་དང་སློབ་མའི་ཚན་ཆུང་བཙུགས་ཡོད་ཅེས་ཝང་ཞའོ་ཅུན་གྱིས་བཤད་པ་དང་། སྔར་ལས་ལྷག་པར་གྲོང་གསེབ་ཀྱི་ཁྱད་ཆོས་ལ་ཟུང་སྦྲེལ་བྱེད་པ་དང་སྲོལ་རྒྱུན་ནུས་རྩལ་མངོན་པར་མཚོན་ཆེད། འགྲན་བསྡུར་གྱིས་ལག་བཟོས་འཚེམ་དྲུབ་དང་ལག་བཟོས་འཁེལ་འཐག་བཅས་འཁྲབ་སྟོན་ལས་གཞི་སྣ་གཉིས་བཙུགས་ཡོད།

བྱ་དགའི་སྲིད་ཇུས་ཐད་ནས། ཝང་ཞའོ་ཅུན་གྱིས་བཤད་རྒྱུར། འགྲན་བསྡུར་གྱི་ལས་གཞི་སོ་སོར་གསེར་གྱི་རྟགས་མ1དང་དངུལ་གྱི་རྟགས་མ2། ཟངས་ཀྱི་རྟགས་མ3རེ་བཙུགས་ཡོད། གསེར་དངུལ་ཟངས་གསུམ་གྱི་རྟགས་མ་ཐོབ་མཁན་ལ། འབྲེལ་ཡོད་གཏན་ཁེལ་ལྟར་ལས་རིགས་ནུས་རྩལ་རིམ་པ་ཇེ་མཐོར་གཏོང་རྒྱུ་རེད། འགྲན་བསྡུར་ལས་གཞིའི་ལས་བཟོ་བའི་ཚན་ཆུང་གི་བྱ་དགའ་ཐོབ་མཁན་གྱི་སྔ་མ་གསུམ་དེ་རྒྱལ་ཡོངས་ལག་རྩལ་འཇོན་མིའི་མཚན་སྙན་ལ་འོས་སྦྱོར་བྱ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་བསྡུར་གྱིས་ནུས་རྩལ་ཉམས་མཚར་གྱི་སྤྱོད་བཟང་ངོམ་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་བརྗོད་དོན་དུ་བཟུང་བ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། ཞིང་ལས་ཞིང་སྡེ་པུའུ། ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་རེད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།