ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས125འཛུགས་སྐྲུན་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།


རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཟླ5པའི་ཚེས7ཉིན་སྤེལ་བའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་ཡུལ་དངོས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས7ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། རང་རྒྱལ་གྱིས་རིགས13གྱི་རྒྱལ་ཁབ་གསོ་རིག་ལྟེ་གནས་སྒྲིག་འཛུགས་བྱས་པ་དང་། རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས125དང་ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས114འཛུགས་སྐྲུན་བྱས་ཡོད།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྒྲིག་གཞི་ལམ་ལུགས་བཅོས་སྒྱུར་སིའི་རིམ་པ་དང་པོའི་སྐོར་ཞིབ་པ་ཀྲུའུ་ཧུང་པེའོ་ཡིས་ཁྱབ་སྒྲོག་ཚོགས་འདུའི་སྟེང་མཚམས་སྦྱོར་བྱེད་རྒྱུར། རང་རྒྱལ་གྱིས་གྲོང་ཁྱེར81ཏུ་ཚགས་དམ་རང་བཞིན་གྱི་གྲོང་ཁྱེར་སྨན་བཅོས་ཚོགས་པ་འཛུགས་སྐྲུན་གྱི་ཚོད་ལྟའི་ས་ཚིགས་སྤེལ་ནས། ཕྱོགས་ཡོངས་ནས་ཚགས་དམ་རང་བཞིན་གྱི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མང་ཚོགས་ལ་སྔོན་འགོག་དང་སྨན་བཅོས། ཁམས་གསོ། བདེ་ཐང་སྐུལ་སྤེལ་སོགས་གཅིག་གྱུར་ཅན་དང་རྒྱུན་མཐུད་རང་བཞིན་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་འདོན་སྤྲོད་བྱས། རྒྱལ་ཁབ་རིམ་པའི་ནད་ཐོག་གཙོ་གནད་ཆེད་ཚན་འཛུགས་སྐྲུན་ལས་གཞི961དང་ཞིང་ཆེན་རིམ་པའི་ལས་གཞི3800། གྲོང་ཁྱེར་དང་རྫོང་རིམ་པའི་ལས་གཞི་ཁྲི1.1བཅ་སལ་རོགས་སྐྱོར་བྱས་ཏེ། ཕྱོགས་ཡོངས་ནས་སྨན་བཅོས་སྤུས་ཚད་མཐོར་འདེགས་ཀྱི་འགུལ་སྐྱོད་སྤེལ་བ་དང་། སྔོན་མངག་བརྟག་བཅོས་དང་ཚན་ཁག་མང་པོའི་བརྟག་བཅོས། ཉིན་མོའི་གཤག་བཅོས། བརྟག་བཤེར་ཞིབ་བཤེར་མཇུག་འབྲས་ངོས་ལེན་སོགས་དམངས་ཕན་དམངས་བདེའི་བྱེད་ཐབས་ཁྱབ་གདལ་དུ་བཏང་སྟེ་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་མུ་མཐུད་དུ་བསྐངས་ཡོད།

སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་བསྐྱེད་དང་གཤམ་འོག་ཏུ་བསྐྱོད་པར་སྐུལ་འདེད་བཏང་སྟེ། ཞིང་སྡེ་དང་གཞི་རིམ་ཞབས་ཞུ་ནུས་པ་མཐོར་འདེགས་སུ་བཏང་བ་དང། མང་ཚོགས་ཀྱིས་སྒོ་ཁ་ནས་སྤུས་ལེགས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་བྱེད་དུ་བཅུག

ནད་ཐོག་གཙོ་གནད་ཆེད་ཚན་འཛུགས་སྐྲུན་དང་རྫོང་རིམ་པའི་སྨན་ཁང་གི་ནུས་པ་མཐོར་འདེགས་བཟོ་སྐྲུན། རིམ་པ་གསུམ་པའི་སྨན་ཁང་གིས་རྫོང་རིམ་པའི་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱེད་ཐབས་ལག་བསྟར་བྱས་ཏེ། ཤུགས་ཆེན་པོས་རྫོང་རིམ་པའི་སྨན་ཁང་གི་སྨན་བཅོས་ཞབས་ཞུ་ཆུ་ཚད་མཐོར་འདེགས་སུ་བཏང་ལ། སྤུས་ལེགས་ཞབས་ཞུ་གཞི་རིམ་དུ་བསྐྱོད་པའི་འགུལ་སྐྱོད་དང་གཞིས་ཁུལ་སྨན་ཁང་འཛུགས་སྐྲུན་གྱི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་ཏེ། གཞི་རིམ་གྱི་སྨན་བཅོས་ལས་ཁུངས70%གྱི་ཞབས་ཞུ་ནུས་པའི་གཞི་རྩའི་ཚད་གཞི་དང་འོས་སྦྱོར་ཚད་གཞིར་སླེབས་ཡོད། ཞིང་སྡེའི་མངག་ཐོའི་དམིགས་གཏད་རིན་མེད་གསོ་རིག་སློབ་མ་གསོ་སྐྱོང་སྤེལ་ནས། གཞི་རིམ་སྨན་བཅོས་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་བྱས། ཀྲུའུ་ཧུང་པེའོ་ཡིས་ཉེ་བའི་ལོ་འགའི་རིང་བྱེད་ཐབས་རབ་དང་རིམ་པ་ཁག་གིས་གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་མང་ཚོགས་ཀྱི་འགུག་ཤུགས་ཇེ་ཆེར་བཏང་སྟེ། 2023ལོར་གཞི་རིམ་བརྟག་བཅོས་བྱེད་པའི་བསྡུར་ཚད52%ལ་སླེབས་ཡོད་པར་བཤད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།