ཀྲུང་གོ་བོད་ཀྱི་དྲ་བ།

ནོར་སྲིད་པུའུ་ཡིས་འོས་འགན་སློབ་གསོའི་འགྲོ་གྲོན་འགན་སྲུང་ཆུ་ཚད་སྲ་བརྟན་དང་མཐོར་འདེགས་སུ་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ནོར་སྲིད་པུའུ་ཡིས་མ་དངུལ་སྒོར་དུང་ཕྱུར1582བཏང་བ་དེ་ལོ་སྔོན་མ་ལས་སྒོར་དུང་ཕྱུར23འཕར་བ་དང་། དེས་ས་གནས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་དང་། གྲོང་གསེབ་གཙོར་འཛིན་པའི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་ལམ་སྲོལ་སྔར་བས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས།

འདི་ནི་གསར་འགོད་པས་ཚེས7ཉིན་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། གཤམ་སྤྲོད་མ་དངུལ་གཙོ་བོ་ཕྱོགས་གསུམ་ཐད་ལ་སྤྱོད་པར་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་སྟེ། གཅིག་ནི་ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་སློབ་མའི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུ་དེ་རེད། 2024ལོའི་དཔྱིད་དུས་སློབ་སྐབས་ནས་བཟུང་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཡོད་པའི་ཞག་སྡོད་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་རྒྱལ་ཁབ་ཀྱི་རྨང་གཞིའི་ཚད་གཞི་མཐོ་རུ་བཏང་ནས་ལོ་རེར་སློབ་ཆུང་སློབ་མ་རེའི་ཆ་སྙོམས་ཁ་གསབ་མ་དངུལ་སྒོར1000ནས་སྒོར1250བར་མཐོ་རུ་བཏང་བ་དང་། དམའ་རིམ་སློབ་འབྲིང་སློབ་མ་རེར་སྒོར1250ནས་སྒོར1500བར་མཐོ་རུ་བཏང་། ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཡོད་པའི་ཞག་སྡོད་སློབ་མ་མིན་པའི་འཚོ་བའི་ཁ་གསབ་ཚད་གཞི་དེ་མུ་མཐུད་དུ་ཞག་སྡོད་སློབ་མའི་འཚོ་བའི་ཁ་གསབ་ཀྱི་རྒྱལ་ཁབ་ཀྱི་རྨང་གཞི་ཚད་གཞིའི50%ལྟར་ཞིབ་བཤེར་གཏན་འབེབས་བྱ་རྒྱུ་རེད། སྔོན་དཔག་བྱས་ན་རྒྱལ་ཡོངས་ཀྱི་སློབ་མ་ཁྲི2000ལྷག་ལ་འཚོ་བའི་ཁ་གསབ་སྤྲོད་རྒྱུ་རེད།

གཉིས་ནི་གྲོང་གསེབ་ཀྱི་སློབ་གྲྭའི་མལ་ཁང་ཉམས་གསོ་དང་བསྒྱུར་བཀོད་བྱེད་པར་ཁ་གསབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། 2024ལོ་ནས་བཟུང་གྲོང་གསེབ་ཀྱི་སློབ་གྲྭའི་མལ་ཁང་རྒྱ་ཁྱོན་གྱི་ཁ་གསབ་ཚད་ལེན་ཚོད་རྩིས་ཚད་གཞི་མཐོ་རུ་བཏང་ནས། ཤར་དབུས་རྒྱུད་ས་ཁུལ་དུ་སྨི་གྲུ་བཞི་མ་རེར་སྒོར800ནས་སྨི་གྲུ་བཞི་མ་རེར་སྒོར1100བར་དང་། ནུབ་རྒྱུད་ས་ཁུལ་དུ་སྨི་གྲུ་བཞི་མ་རེར་སྒོར900ནས་སྨི་གྲུ་བཞི་མ་རེར་སྒོར1200བར་མཐོ་རུ་གཏོང་རྒྱུ་ཡིན་པ་མ་ཟད། མཐོ་གྲང་དང་ས་བབ་མཐོ་བ་སོགས་ས་ཁུལ་གྱི་ཚད་ལེན་ཚོད་རྩིས་ཚད་གཞི་འོས་འཚམ་གྱིས་མཐོ་རུ་བཏང་ནས་སྔར་ལས་ལྷག་པར་གྲོང་གསེབ་ཀྱི་སློབ་གྲྭའི་མལ་ཁང་ཉམས་གསོ་བསྒྱུར་བཀོད་དང་ཡོམ་འགོག་བརྟན་གཏོང་གི་དགོས་མཁོ་སྐོང་རྒྱུ་རེད།

གསུམ་ནི་ཞན་ཆ་དང་སྐྱོན་ཆ་མགྱོགས་མྱུར་གསབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད། བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པའི་བྱེད་ཐབས་བརྒྱུད་ས་གནས་ཀྱིས་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པར་རྒྱབ་སྐྱོར་དང་། གྲོང་གསེབ་ཀྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་མགྱོགས་མྱུར་ངང་ཇེ་ལེགས་སུ་གཏོང་རྒྱུ་སོགས་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།

ནོར་སྲིད་པུའུ་ཡིས་རྗེས་མར་དུས་བབ་གསར་པ་དང་བླང་བྱ་གསར་པར་གཞིགས་ནས། སྲིད་ཇུས་དང་བྱེད་ཐབས་འགུལ་རྣམ་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང་། མ་འཇོག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ས་གནས་ཀྱིས་འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱ་རྒྱུ་ཡིན་པར་བསྟན། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།