ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཁག་གཉིས་ཀྱིས2024ལོའི་སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གི་དགེ་རྒན་ཡོངས་ཁྱབ་ངང་གདན་ཞུ་བྱེད་པའི་བྱ་བར་བཀོད་སྒྲིག་གནང་བ་དང་གཟབ་ནན་ངང་དགེ་རྒན་གྱི་ཀུན་སྤྱོད་ཚད་གཞི་དང་པོར་འཇོག་པ་དངོས་འབེབས་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྔར་ལས་ལྷག་པར་ལས་ཞུགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཞིབ་ཕྲའི་ངང་དངོས་འབེབས་བྱེད་པ་དང་། བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བྱ་ཆེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་གཞུང་སྒྲུབ་ཐིན་དང་སློབ་གསོ་པུའུ་གཞུང་སྒྲུབ་ཐིན་གྱིས་ཉེ་ལམ་མཉམ་འབྲེལ་སྒོས《2024ལོའི་སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གི་དགེ་རྒན་ཡོངས་ཁྱབ་ངང་གདན་ཞུ་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར》(གཤམ་དུ《བརྡ་སྦྱོར》ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས་པ་དང་། དགེ་རྒན་གདན་ཞུ་བྱ་ལེགས་པོར་སྒྲུབ་པ་དང་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་སྐུལ་འདེད་ལ་བཀོད་སྒྲིག་གནང་།

《བརྡ་སྦྱོར》ལས། མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་དང་དགེ་རྒན་གདན་ཞུ་ལ་སྤྱི་འདོམས་བྱས་ཏེ། སྔར་ལས་མང་པའི་མཐོ་སློབ་མཐར་ཕྱིན་སློབ་མ་དག་གཞི་རིམ་དང་ལྷག་པར་དུ་དཀའ་ཁག་ཆེ་བའི་མཐའ་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་དུ་དགེ་རྒན་གྱི་ལས་ཀ་གཉེར་བར་སྐུལ་ལྕག་དང་སྣེ་ཁྲིད་བྱེད་དགོས། ས་ཁུལ་སོ་སོས་སློབ་མཚམས་དང་བསླབ་གནད་ཀྱི་དགོས་མཁོ་དང་། སློབ་གྲྭའི་འཆར་གཞི་བཀོད་སྒྲིག་ལེགས་སྒྲིག ཤང་གྲོང་ས་ཁུལ་གྱི་བར་ཁྱད། ལོ་ཚོད་རན་པའི་མི་གྲངས་ཀྱི་འགྱུར་ལྡོག་སོགས་ཀྱི་གནས་ཚུལ་ལ་གཞིགས་ཏེ། ཚན་རིག་ལྟར་གདན་ཞུ་ལས་གནས་བཀོད་སྒྲིག་བྱེད་དགོས་པ་དང་། གཙོ་བོ་ཀུན་སྤྱོད་དང་ཁྲིམས་སྐྱོང་། ལུས་རྩལ་དང་བདེ་ཐང་། ཚན་རིག ཆ་འཕྲིན་ཚན་རྩལ། སྒྱུ་རྩལ། ངལ་རྩོལ། སེམས་ཁམས་བདེ་ཐང་། དམིགས་བསལ་སློབ་གསོ་སོགས་བསླབ་ཚན་དཀོན་རིགས་ཀྱི་དགེ་རྒན་དཔུང་སྡེའི་དགོས་མཁོར་འགན་སྲུང་བྱེད་དགོས་པར་བསྟན།

《བརྡ་སྦྱོར》ལས། ས་ཁུལ་སོ་སོས་གདན་ཞུའི་གོ་རིམ་ཚད་ལྡན་དུ་བཏང་སྟེ། འདྲ་མཉམ་འགྲན་རྩོད་ཀྱི་ལས་ཞུགས་ཁོར་ཡུག་བཏོད་དགོས། སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་གདན་ཞུ་ཆ་འཕྲིན་སྤྱི་བསྒྲགས་བྱས་ཏེ། མཐོང་ཆུང་རང་བཞིན་དང་མཛུབ་སྟོན་རང་བཞིན། ལུགས་མཐུན་མིན་པའི་ཚད་བཀག་རང་བཞིན་གྱི་ཆ་རྐྱེན་སོགས་བཙུགས་མི་ཆོག དགེ་རྒན་ཐོབ་ཐང་ཞིབ་བཤེར་བྱ་བ་ཚད་ལྡན་དུ་བཏང་ནས། འབྲེལ་ཡོད་སྲིད་ཇུས་གཏན་འཁེལ་དང་གདན་ཞུ་སྤྱི་བསྒྲགས་ལས་བཏོན་པའི་ཐོབ་ཐང་ཆ་རྐྱེན་ལྟར་གཟབ་ནན་ངང་ཞིབ་བཤེར་བྱེད་པ་དང་། ལོ་རྒྱུས་མདོར་བསྡུས་གསེད་འདེམ་བྱས་མི་ཆོག དགེ་རྒན་གྱི་ཀུན་སྤྱོད་ཚད་གཞི་དང་པོར་བཞག་སྟེ། ལས་ཞུགས་སྔོན་གྱི་ཆོག་འཐུས་རྩད་ཞིབ་བྱ་བ་དེ་དགོས་ངེས་ཀྱི་གོ་རིམ་དུ་འཇུག་དགོས་པར་ནན་གྱིས་བསྟན། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།