ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མཱ་ཁོ་ལུང་དང་གྲོས་མོལ་མཛད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ5བའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པ་ལིའི་ཕོ་བྲང་ཨའེ་ལི་ཧྲེ་རུ་ཧྥ་རན་སེའི་ཙུང་ཐུང་མཱ་ཁོ་ལུང་དང་མཉམ་དུ་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར60ལོན་པའི་སྐབས་སུ་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་ཐེངས་གསུམ་པ་གནང་བར་ང་ཧ་ཅང་དགའ་ཚོར་ཆེན་པོ་སྐྱེས། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་ལོ་ངོ60ཡི་ལོ་རྒྱུས་རྩ་ཆེན་ལས་ང་ཚོས་ཇི་ལྟར་བྱས་ནས་འབྱུང་འགྱུར་གྱི་ལོ་ངོ60བསུ་དགོས་པའི་ཐད་བསམ་གཞིག་སྔར་ལས་གང་ལེགས་བྱེད་ཐུབ།  མིག་སྔའི་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་འོག་ཏུ། ཕྱོགས་གཉིས་ཀས་རང་བཙན་རང་བདག་དང་ཕན་ཚུན་རྒྱུས་ལོན། རྒྱང་གཟིགས་རྒྱང་ལྟ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་འབྲེལ་བ་འཛུགས་པའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ་དང་དེར་དུས་རབས་ཀྱི་ནང་སྙིང་གསར་པ་བསྣན་ནས། དུས་སྐབས་གསར་པའི་ཡིད་ཆེས་བརྟན་བརླིང་དང་བདེན་སྲུང་གསར་གཏོད། འགན་འཁུར་གྱི་བྱེད་ཕྱོགས་མངོན་ཐུབ་པ་བཅས་ཀྱི་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་འཛུགས་དགོས། ཕྱོགས་གཉིས་ཀས་རང་བཙན་རང་བདག་རྒྱུན་འཁྱོངས་བྱས་ཏེ། “འཇམ་འཐབ་གསར་པའམ”ཡང་ན་དཔུང་ཁག་གི་ངོས་ནས་འགྲན་རྒོལ་བྱེད་པར་མཉམ་དུ་སྔོན་འགོག་བྱེད་དགོས། ཕན་ཚུན་རྒྱུས་ལོན་བྱས་ནས་ཚོན་མདངས་རྣམ་པར་བཀྲ་བའི་འཛམ་གླིང་གི་འཆམ་མཐུན་མཉམ་གནས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། རྒྱང་གཟིགས་རྒྱང་ལྟ་རྒྱུན་འཁྱོངས་བྱས་ནས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དུ་འགྱུར་བར་མཉམ་དུ་སྐུལ་འདེད་གཏོང་དགོས། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཏེ། “འབྲེལ་ཐག་གཅོད་པའི”བྱེད་ཕྱོགས་ལ་མཉམ་དུ་ངོ་རྒོལ་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་འཐབ་ཇུས་ཀྱི་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་བྱས་ཏེ། ཕྱོགས་གཉིས་ཀའི་འབྲེལ་བའི་འཐབ་ཇུས་བརྟན་བརླིང་སྲ་བརྟན་དུ་གཏོང་འདོད་ཡོད། གཉིས་ཕན་མཉམ་ལས་ཀྱི་མི་མངོན་པའི་སྦས་ཤུགས་ཆེན་པོ་སྔོག་འདོན་བྱས་ནས། ཕྱོགས་གཉིས་ཀའི་ཉོ་ཚོང་ཡར་རྒྱས་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཧྥ་རན་སིའི་སྤུས་ལེགས་ཐོན་རྫས་སྔར་ལས་མང་བོ་ནང་འདྲེན་བྱས་ནས། “ཧྥ་རན་སེའི་ཞིང་ར་ནས་ཀྲུང་གོའི་ཟས་ཅོག་བར་གྱི”ལམ་སྲོལ་ལ་སྐུལ་འདེད་བཏང་སྟེ། དངོས་སྒྲུབ་ཀྱི་གྲུབ་འབྲས་སྔར་ལས་གང་མང་བསྐྲུན་འདོད་ཡོད་ཅིང་། ཧྥ་རན་སེས་ཀྲུང་གོར་ལག་རྩལ་མཐོ་བ་དང་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་སྔར་ལས་གང་མང་ཕྱིར་གཏོང་བྱ་རྒྱུའི་རེ་ལྟོས་ཆེ། ཕྱོགས་གཉིས་ཀས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ཏེ། མཁའ་སྐྱོད་དང་མཁའ་འགྲུལ་སོགས་སྲོལ་རྒྱུན་དགེ་མཚན་ཆེ་བའི་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བྱ་རྒྱུ་དང་། ཉིང་རྡུལ་ནུས་པ་དང་གསར་གཏོད། དངུལ་རྩ་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ལྗང་མདོག་ནུས་ཁུངས་དང་རིག་ནུས་བཟོ་སྐྲུན། སྐྱེ་དངོས་སྨན་རྫས། མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དགོས། ཀྲུང་གོས་བཟོ་སྐྲུན་ལས་རིགས་ཀྱི་ཆོག་མཆན་ཁྱོན་ཡོངས་ནས་ཇེ་ལྷོད་དུ་གཏོང་བ་དང་། གློག་འཕྲིན་དང་སྨན་བཅོས་སོགས་ཞབས་ཞུའི་ལས་རིགས་ཀྱི་ཁྲོམ་རར་ཞུགས་ཆོག་པའི་སྒོ་འབྱེད་རྣམ་པ་སྔར་ལས་ཇེ་མགྱོགས་སུ་གཏོང་རྒྱུ། ཧྥ་རན་སེའི་ཁེ་ལས་སྔར་ལས་གང་མང་ཀྲུང་གོ་རུ་ཡོང་ནས་དངུལ་གཏོང་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ལ། དེ་དང་མཉམ་དུ་ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཧྥ་རན་སེར་སོང་ནས་དངུལ་གཏོང་མཉམ་ལས་བྱེད་པར་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་དང་ཁེ་ལས་དེ་དག་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་ཕན་པའི་སྔོན་དཔག་མཁོ་འདོན་བྱ་རྒྱུའི་རེ་ལྟོས་ཆེ་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧྥ་རན་སི་གཉིས་ཀ་རིག་གནས་རྒྱལ་ཁབ་ཆེན་པོ་ཡིན་པས། ཕྱོགས་གཉིས་ཀས་མི་གཞུང་རིག་གནས་བརྗེ་རེས་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས། ཀྲུང་གོ་དང་ཧྥ་རན་སེའི་རིག་གནས་ཡུལ་སྐོར་ལོའི་བྱེད་སྒོ་ཁག་མུ་མཐུད་ཡག་པོར་གཉེར་ཏེ། རིག་དངོས་མཉམ་འབྲེལ་སྲུང་སྐྱོབ་སླར་གསོའི་ལས་དོན་དང་འཛམ་གླིང་ཤུལ་བཞག་ས་གནས་ཀྱི་འབྲེལ་བ་ཡག་པོ་ཡོང་བ་སོགས་མཉམ་ལས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེའི་གྲོགས་པོ་སྔར་ལས་གང་མང་ཀྲུང་གོར་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཧྥ་རན་སེའི་གྲོགས་པོ་སོགས་རྒྱལ་ཁབ་བཅུ་གཉིས་ཀྱི་སྤྱི་དམངས་དུས་ཡུན་ཐུང་ཐུང་གི་ནང་དུ་ཀྲུང་གོར་ཡོང་བ་ལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་དེ། 2025ལོའི་ལོ་མཇུག་བར་ཕྱི་སྣུར་བྱས་ཏེ། མ་འོངས་པའི་ལོ3གྱི་ནང་དུ། ཀྲུང་གོར་ཡོང་བའི་ཧྥ་རན་སིའི་ཕྱི་འགྲིམ་སློབ་མ་ཁྲི1ལས་བརྒལ་བར་བྱ་རྒྱུ་དང་། ཡོ་རོབ་ཀྱི་ན་གཞོན་ལོ་ཆུང་ཀྲུང་གོར་ཡོང་ནས་བསམ་བློ་བརྗེ་རེས་བྱེད་པའི་གཞི་ཁྱོན་སྔར་ལས་ལྡབ་གཅིག་གིས་འཕར་བར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་ཀྱིས་ཕ་རི་སེའི་ཨོ་རྩལ་འགྲན་ཚོགས་ཡག་པོ་གཉེར་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཆུ་ཚད་མཐོ་བའི་འཐུས་ཚབ་ཚོགས་པ་ཧྥ་རན་སེ་རུ་མངགས་ནས་འགྲན་སྡུར་ནང་ཞུགས་རྒྱུ་ཡིན།  ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ། གནམ་གཤིས་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་གཏོང་བ་དང་། ཧྥ་རན་སེ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་ཚོགས་ཆེན་ཡག་པོར་གཉེར་བར་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་རྒྱལ་ཁབ་སྤྱི་གླིང་དང་རང་བྱུང་སྲུང་སྐྱོབ་ཁུལ་འབྲེལ་མཐུད་ཡོང་བར་སྐུལ་མ་གཏོང་འདོད་ཡོད།  ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཧྥ་རན་སེ་ཕྱོགས་དང་མཉམ་དུ། མི་ཐབས་རིག་ནུས་བཅོས་སྐྱོང་དང་རྒྱལ་སྤྱིའི་དངུལ་རྩའི་མ་ལག་བཅོས་སྒྱུར་སོགས་ཁྱབ་ཁོངས་ཁྲོད་དུ་གྲོས་མོལ་བྱེད་རེས་དང་འབྲེལ་གཏུག་བྱེད་ཤུགས་ཇེ་ཆེར་གཏོང་འདོད་ཡོད་ཅེས་ནན་གྱིས་གསུངས།

མཱ་ཁི་ལུང་གིས་ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་གཉིས་ཀའི་དཔལ་འབྱོར་འབྲེལ་བ་དང་ཕྱོགས་མང་འབྲེལ་གཏུག་མཉམ་ལས་སྔར་ལས་ཟབ་སྤེལ་བྱས་ནས། ཧྥ་རན་སི་དང་ཀྲུང་གོའི་འཐབ་ཇུས་རོགས་རེས་འབྲེལ་བར་གྲུབ་འབྲས་སྔར་ལས་གང་མང་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོར་ཞིང་ལས་ཐོན་རྫས་སྔར་ལས་གང་མང་ཕྱིར་གཏོང་བྱེད་ངེས་པ་དང་། ཀྲུང་གོར་ཁྲོམ་ར་སྒོ་འབྱེད་བྱ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ལ། ཀྲུང་གོའི་ཁེ་ལས་ལ་དམ་པོར་དམིགས་ནས་མཐོང་ཆུང་རང་བཞིན་གྱི་སྲིད་ཇུས་མི་སྤེལ་བ་དང་། ལག་རྩལ་མཐོ་བའི་ཁེ་ལས་དང་བཅས་པའི་ཀྲུང་གོའི་ཁེ་ལས་སྔར་ལས་གང་མང་ཧྥ་རན་སི་རུ་སོང་ནས་མ་དངུལ་གཏོང་བ་དང་མཉམ་ལས་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཁའ་སྐྱོད་དང་མཁའ་འགྲུལ། དམངས་སྤྱོད་ཉིང་རྡུལ་ནུས་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། ད་ལོའི་ཧྥ་རན་སི་དང་ཀྲུང་གོའི་རིག་གནས་ཡུལ་སྐོར་ལོའི་བྱེད་སྒོ་མཉམ་དུ་ཡག་པོར་གཉེར་འདོད་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་མངགས་པའི་འཐུས་ཚབ་ཚོགས་པ་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་སུ་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཧྥ་རན་སི་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ། མིས་བཟོས་རིག་ནུས་སོགས་འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཉམ་ལས་དམ་ཟབ་བྱས་ནས། ཕྱོགས་མང་རིང་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་འཛིན་དམིགས་ཡུལ། རྒྱལ་སྤྱིའི་བཅའ་ཁྲིམས་བཅས་ལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བསྟན།

ཕྱོགས་གཉིས་ཀས་ད་དུང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དང་། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སོགས་མཉམ་དུ་དོ་ཁུར་བྱེད་བཞིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་གནང་། ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་འཛམ་གླིང་ནི་ཞི་བདེ་ཞིག་མིན་པའི་དབང་གིས། ཀྲུང་གོ་དང་ཧྥ་རན་སེ་གཉིས་ཀ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པའི་ཆ་ནས། གླེང་ཐེངས་མང་བའི་གནད་དོན་ཞི་བའི་ངང་ཐག་གཅོད་བྱ་ཆེད། ཕན་ཚུན་བར་གྲོས་མོལ་བྱེད་པ་དང་ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས་ཀྱི་འཛམ་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ནུས་ཤུགས་གང་ཡོད་འདོན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ། ཕ་རི་སེའི་ཨོ་རྩལ་འགྲན་ཚོགས་གོ་སྐབས་སུ་བྱས་ནས། ལུས་རྩལ་འགྲན་ཚོགས་སྐབས་སུ། འཛམ་གླིང་ཧྲིལ་པོའི་ངོས་ནས་དམག་འཁྲུག་རྒྱག་མཚམས་འཇོག་པའི་གྲོས་འགོ་འདོན་འདོད་ཡོད་ཅེས་གསུངས།

ཕྱོགས་གཉིས་ཀས་ད་དུང་དབུས་ཤར་ས་ཁུལ་གྱི་གནས་བབ་དང་མི་ཐབས་རིག་ནུས། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་། སྐྱེ་དངོས་སྣ་མང་རང་བཞིན་དང་རྒྱ་མཚོ། ཞིང་ལས་བརྗེ་རེས་དང་མཉམ་ལས་བཅས་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས4སྤེལ་བ་དང་། ལྗང་མདོག་འཕེལ་རྒྱས་དང་མཁའ་འགྲུལ། ཞིང་ལས་ཟས་རིགས། ཚོང་དོན། མི་གཞུང་རིག་གནས་བརྗེ་རེས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ20ཙམ་བཀོད།

གྲོས་མོལ་བྱས་རྗེས། ཞི་ཅིན་ཕིང་དང་མཱ་ཁོ་ལུང་གིས་མཉམ་དུ་གསར་འགོད་པར་ཐུག་འཕྲད་གནང་།

ཉིན་དེའི་དགོང་མོར། མཱ་ཁོ་ལུང་དང་ལྕམ་མོ་པུའུ་ལི་ཅིས་ཐི་གཉིས་ཀྱིས་ཕོ་བྲང་ཨའེ་ལི་ཧྲེ་རུ། ཞི་ཅིན་ཕིང་དང་ཕིན་ལི་ཡོན་ལ་གསོལ་སྟོན་གཟབ་རྒྱས་བཤམས།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོ་ལ་ཞུགས། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།