ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་ཁྱེར་གསར་སྒྱུར་དཔེ་སྟོན་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2024ལོ་ནས་བཟུང་ཀྲུང་དབྱང་ནོར་སྲིད་ཀྱིས་བྱེད་སྟངས་དང་བྱེད་ཐབས་གསར་གཏོད་བྱས་ཏེ། གྲོང་ཁྱེར་སྐོར་ཞིག་གིས་གྲོང་ཁྱེར་གསར་སྒྱུར་དང་དཔེ་སྟོན་གྱི་ལས་དོན་སྤེལ་བར་རྒྱབ་སྐྱོར་དང་། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་གསར་སྒྱུར་དང་བསྒྱུར་བཀོད་བྱེད་པར་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱས་ཏེ། གྲོང་ཁྱེར་གྱི་ནུས་པ་སྔར་བས་འཐུས་ཚང་དུ་གཏོང་བ་དང་གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་བ། འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། སྡེ་ཁུལ་དང་གྲོང་ཁུལ་བཟང་པོ་འཛུགས་པར་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དེ་ཡོད་མེད་ནས་བཟང་མིན་གྱི་ཕྱོགས་སུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་རེད།

གསར་འགོད་པས་ཚེས6ཉིན་ནོར་སྲིད་པུའུ་ནས་རྒྱུས་ལོན་པ་ལྟར་ན། ནོར་སྲིད་པུའུ་ཡི་གཞུང་ལས་ཐིན་དང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་གཞུང་ལས་ཐིན་གྱིས་ཉེ་ལམ་བརྡ་སྦྱོར་བཏང་ནས་གོང་གི་བཀོད་སྒྲིག་གཏན་ཁེལ་གསལ་བོ་བྱས།

བརྡ་སྦྱོར་ལྟར་ན། ནོར་སྲིད་པུའུ་ཡིས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་དང་མཉམ་དུ་འགྲན་རྩོད་རང་བཞིན་གྱི་འདེམས་སྒྲུག་བྱས་པ་བརྒྱུད། རྨང་གཞིའི་ཆ་རྐྱེན་ལེགས་ཤིང་ཧུར་བརྩོན་རང་བཞིན་ཆེ་བ། ཁྱད་ཆོས་འབུར་དུ་ཐོན་པའི་གྲོང་ཁྱེར་སྐོར་ཞིག་གཏན་འཁེལ་བྱས་ནས་དཔེ་མཚོན་དཔེ་སྟོན་དང་། གོ་རིམ་ལྡན་པའི་སྒོ་ནས་གྲོང་ཁྱེར་གསར་སྒྱུར་གྱི་འགུལ་སྐྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་དཔེ་སྟོན་གྲོང་ཁྱེར་ལ་བཅད་གྲངས་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་དང་། གྲོང་ཁྱེར་གྱིས་གྲོང་ཁྱེར་གསར་སྒྱུར་གྱི་ལས་དོན་ཇུས་གཞི་བཟོ་རྒྱུ། ཀྲུང་དབྱང་དང་ས་གནས་ཀྱི་མ་དངུལ་གཅིག་གྱུར་གྱིས་བེད་སྤྱོད་བྱ་རྒྱུ། ཁྲིམས་སྲོལ་ལམ་ལུགས་དང་འཆར་འགོད་ཚད་གཞི། མ་དངུལ་གཏོང་བསྡུའི་ལམ་སྲོལ། འབྲེལ་ཡོད་ཆ་སྒྲིག་སྲིད་ཇུས་བཅས་དང་ཟུང་འབྲེལ་བྱས་ནས་གྲོང་ཁྱེར་གྱི་ས་འོག་སྦུག་དྲ་གསར་བཅོས་དང་བསྒྱུར་བཀོད། བཙོག་ཆུའི་སྦུག་དྲའི་བཟོ་གྲྭ་བཅས་གཞི་གཅིག་ཏུ་འགྱུར་བའི་འཛུགས་སྐྲུན་བསྒྱུར་བཀོད་དང་། གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ། ས་ཁུལ་རྙིང་པ་གསར་སྒྱུར་དང་བསྒྱུར་བཀོད་སོགས་གཙོ་གནད་ལས་དོན་ལ་ཤུགས་བསྣན་ནས་གྲོང་ཁྱེར་གསར་སྒྱུར་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་རེད།

གྲོང་ཁྱེར་གྱི་གསར་སྒྱུར་དཔེ་སྟོན་ལས་དོན་གྱི་རྒྱབ་སྐྱོར་བྱ་ཡུལ་ནི་ས་གནས་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་ཡིན་པ་དང་། 2024ལོར། ཞིང་ཆེན(ལྗོངས་དང་གྲོང་ཁྱེར)རེ་ཡིས་གྲོང་ཁྱེར1འོས་སྦྱོར་བྱས་ཆོག་པ་དང་། ཐོག་མར་དཔེ་སྟོན་གྲོང་ཁྱེར15བདམས་ནས། གཙོ་གནད་དུ་གྲོང་ཁྱེར་ཧ་ཅང་ཆེན་པོ་དང་འབྲི་ཆུའི་དཔལ་འབྱོར་ཁུལ་ལམ་རྒྱུད་ཀྱི་གྲོང་ཁྱེར་ཆེན་པོར་ཁ་ཕྱོགས་རྒྱུ་རེད།

བརྡ་སྦྱོར་ནང་དུ་ལོ་གསུམ་གྱི་དཔེ་སྟོན་ལ་བརྟེན་ནས་གྲོང་ཁྱེར་གྱི་ས་འོག་དོ་དམ་དྲ་བའི་ཞིབ་ལས་ཆུ་ཚད་དང་བདེ་འཇགས་རང་བཞིན་བརྟན་པོའི་ངང་མཐོ་རུ་ཕྱིན་དགོས་པ་དང་། འཚོ་བའི་བཙོག་ཆུ་བསྡུ་རུབ་དང་ཐག་གཅོད་ཀྱི་ནུས་པ་མངོན་གསལ་གྱིས་ཇེ་ཆེར་འགྱུར་དགོས་ཏེ། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆར་ཕན་འབྲས་ཐོན་པའི་སྒོ་ནས་ཇེ་ལེགས་སུ་གཏོང་དགོས་པ་མ་ཟད། ཁྱབ་གདལ་གཏོང་ཐུབ་པའི་དཔེ་དབྱིབས་དང་ཉམས་མྱོང་གྲུབ་དགོས་པ་རེད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།