ཀྲུང་གོ་བོད་ཀྱི་དྲ་བ།

2024ལོའི“ལྔ་གཅིག”གུང་གསེང་སྐབས་སུ་རྒྱལ་ནང་གི་ཡུལ་སྐོར་པ་མི་ཐེངས་དུང་ཕྱུར2.95ལ་སླེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2024ལོའི“ལྔ་གཅིག”གུང་གསེང་སྐབས་སུ། རྒྱལ་ཡོངས་རིག་གནས་དང་ཡུལ་སྐོར་ཚོང་ར་སྤྱིའི་ཆ་ནས་བརྟན་འཇགས་དང་གོ་རིམ་ལྡན་པ་རེད། རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཚེས6ཉིན་གཞི་གྲངས་ཁྱབ་བསྒྲགས་བྱས་པ་ལས་མངོན་པ་ལྟར་ན། རིག་གནས་དང་ཡུལ་སྐོར་པུའུ་ཡི་གཞི་གྲངས་ལྟེ་གནས་ཀྱིས་ཚོད་རྩིས་བྱས་པར་གཞིགས་ན། རྒྱལ་ཡོངས་ཀྱི་རྒྱལ་ནང་ཡུལ་སྐོར་ཕྱིར་སྐྱོད་བྱེད་མཁན་བསྡོམས་པས་མི་ཐེངས་དུང་ཕྱུར2.95ལ་སླེབས་ཤིང་དུས་མཉམ་ལས7.6%འཕར་ཞིང་། བསྡུར་ཆོག་པའི་ཚད་གཞི་ལྟར་ན2019ལོའི་དུས་མཉམ་ལས28.2%འཕར་ཡོད། རྒྱལ་ནང་གི་ཡུལ་སྐོར་པའི་སྤྱིའི་འཛད་གྲོན་སྒོར་དུང་ཕྱུར1668.9ལ་སླེབས་ཤིང་། དུས་མཉམ་ལས12.7%འཕར་བ་དང་། བསྡུར་ཆོག་པའི་ཚད་གཞི་ལྟར་ན2019ལོའི་དུས་མཉམ་ལས13.5%འཕར་ཡོད།

གུང་གསེང་རིང་། རིམ་པ་སོ་སོའི་རིག་གནས་དང་ཡུལ་སྐོར་སྡེ་ཁག་གིས་ཕུན་སུམ་ཚོགས་པའི་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་དང་རིག་གནས་བྱ་འགུལ་བཏོན་ཏེ། ཤུགས་ཆེན་པོས་ཡུལ་སྐོར་པའི་སྣ་མང་ཅན་དང་སྒེར་གཤིས་ཅན་གྱི་དགོས་མཁོ་བསྐངས་ཡོད། རྒྱལ་ཡོངས་རིམ་པ་སོ་སོའི་སྤྱི་བའི་དཔེ་མཛོད་ཁང་དང་རིག་གནས་ཁང་གིས་མུ་མཐུད་དུ་རིན་མེད་ངང་སྒོ་ཕྱེས་ནས། ཡུལ་བབ་དང་བསྟུན་ནས་གུང་གསེང་སྐབས་ཀྱི་སྤྱི་བའི་རིག་གནས་ཐོན་རྫས་མཁོ་འདོན་བྱ་བ་ལེགས་པོར་སྒྲུབ་པ་དང་། ཧུར་ཐག་གིས་སྡེ་བའི་དགོང་ཚོགས་དང་ཐང་ཆེན་ཞབས་བྲོ། མང་ཚོགས་ཀྱིས་གླུ་གཞས་གཏོང་བ་སོགས་རིགས་སོ་སོའི་མང་ཚོགས་རིག་གནས་བྱ་འགུལ་རྩ་འཛུགས་བྱས། རིག་གནས་དང་ཡུལ་སྐོར་པུའུ་ཡིས“5·19ཀྲུང་གོའི་ཡུལ་སྐོར་ཉིན་མོའི”བརྗོད་དོན་ཟླ་བའི་བྱ་འགུལ་དང“དཔལ་ཡོན་ཡུལ་སྐོར། མཛེས་སྡུག་ཀྲུང་གོ”ཞེས་པའི་བརྗོད་དོན་བྱ་འགུལ་སྤེལ་ལ། མུ་མཐུད་དུ“ཡུལ་སྐོར་ཀྲུང་གོ མཛེས་སྡུག་འཚོ་བའི”རྒྱལ་ནང་ཡུལ་སྐོར་དྲིལ་སྒྲོག་འོས་སྦྱོར་སྤེལ་བ་རེད།

རིག་གནས་དང་ཡུལ་སྐོར་འཛད་སྤྱོད་འགྲོ་གྲོན་ཕན་ནུས་ལྡན་པའི་སྒོ་ནས་གློད་གྲོལ་བཏང་ནས། གུང་གསེང་སྐབས་ཀྱི་ཚོང་ར་རྒྱུན་མཐུད་ངང་འཕར་བར་སྐུལ་ཁྲིད་བྱས། ལྔ་གཅིག”གུང་གསེང་སྐབས་སུ། རིག་གནས་དང་ཡུལ་སྐོར་པུའུ་ཡིས་རྒྱལ་ཡོངས་ལྔ་གཅིག”རིག་གནས་དང་ཡུལ་སྐོར་འཛད་སྤྱོད་འགྲོ་གྲོན་གཟའ་འཁོར་བྱ་འགུལ་སྤེལ་ཏེ། ཀྲུང་གོ་དངུལ་ཁང་མཉམ་འབྲེལ་དང་ལྷན་དུ2024ལོའི་མཁར་གྲོང་བརྒྱའི་ཆུས་བརྒྱའི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་འགུལ་སྐྱོད་འཆར་འགོད་ལག་བསྟར་བྱས་ནས། རིགས་སོ་སོའི་རིག་གནས་ཡུལ་སྐོར་འཛད་སྤྱོད་དམངས་ཕན་བྱེད་ཐབས་བཏོན་པ་རེད།

རྫོང་ཁོངས་ཡུལ་སྐོར་ཚོང་རས་རིག་གནས་ཡུལ་སྐོར་འཛད་སྤྱོད་འགྲོ་གྲོན་གྱི་སྒུལ་ནུས་གསར་པ་གློད་གྲོལ་བཏང་བ་དང་། གཤམ་འོག་གི་ཡུལ་སྐོར་བྱེད་ས་མང་པོ་ཞིག་ལ་ཡུལ་སྐོར་པས་དགའ་བསུ་ཐོབ་ལ། ཀོང་ཞི་ལིའུ་ཀྲོའུ་དང་ཧྲན་ཏུང་ནའོ་པའོ། ཀན་སུའུ་ཐེན་ཧྲུའེ་སོགས་གྲོང་ཁྱེར་ལ་ཡུལ་སྐོར་པས་དོ་སྣང་ཐོབ་པ་དང་། ཀོས་ཀྲོའུ་ཞི་ཅང་སྟོང་དཔོན་མེའོ་ཀྲའེ་དང་ཨན་ཧུའེ་ཧུང་ཚུན་སོགས་ཤང་སྡེའི་གནའ་གྲོང་ལ་ཡུལ་སྐོར་བྱེད་མཁན་ཇེ་མང་དུ་གྱུར།

རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱུང་ནས་མཚན་མོའི་དཔལ་འབྱོར་ལ་གསོན་ཤུགས་ཆེན་པོ་རྒྱས། ཀན་སུའུ་དང་ཅང་སུའུ། ཧྲའན་ཞི་སོགས་ས་ཁུལ་གྱིས་འཁྲབ་སྟོན་དང་ཤུལ་བཞག་རིག་གནས། རིག་གནས་ཤུལ་བཞག ཞིམ་ཟས་སོགས་གཞི་རྒྱུ་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱས། གནའ་བོའི་ཕོ་བྲང་དངོས་མང་བཤམ་སྟོན་ཁང་དང་སན་ཞིན་ཏུའེ་དངོས་མང་བཤམ་སྟོན་ཁང་། དབྱིན་ཞུའུ་དངོས་མང་བཤམ་སྟོན་ཁང་སོགས་སུ་རྒྱུན་མཐུད་ངང་འགྲུལ་བ་མང་པོ་འཁོར། 

མཁའ་འགྲུལ་སླར་གསོ་དང་རྒྱལ་ཁོངས་བརྒལ་བའི་སྟབས་བདེ་ཅན་གྱི་བྱེད་ཐབས་ལག་བསྟར་བྱས་པ་དང་། ཕན་ཚུན་བར་ཁྲོལ་མཆན་མེད་པར་བཏང་བའི་རྒྱལ་ཁབ་ཇེ་མང་དུ་སོང་བ་དང་བསྟུན། རྒྱལ་ཁོངས་བརྒལ་བའི་ཡུལ་སྐོར་མགྱོགས་མྱུར་ངང་སླར་གསོ་བྱུང་། རིག་གནས་དང་ཡུལ་སྐོར་པུའུ་གཞི་གྲངས་ལྟེ་གནས་ཀྱི་འགྲུལ་རྒྱུན་གཞི་གྲངས་ཆེན་མོའི་བརྟག་བཤེར་ཚད་ལེན་བྱས་པ་ལྟར་ན།“ལྔ་གཅིག”གུང་གསེང་རིང་རྒྱལ་ཁོངས་བརྒལ་བའི་ཡུལ་སྐོར་པ་བསྡོམས་པས་མི་ཐེངས་ཁྲི367.2ལ་སླེབས་པ་དང་། དེའི་ནང་རྒྱལ་ནང་དུ་ཡུལ་སྐོར་ཡོང་མཁན་མི་ཐེངས་ཁྲི177.5དང་། ཕྱི་རྒྱལ་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་ཁྲི189.7ལ་སླེབས་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།