ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀོང་ཏུང་ཞིང་ཆེན་མཱེ་ཀྲོའུ་གྲོང་ཁྱེར་གྱི་མྱུར་བགྲོད་གཞུང་ལམ་བརྡིབས་པར་མཛུབ་སྟོན་གལ་ཆེན་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས1ཉིན་གྱི་ཆུ་ཚོད2དང་སྐར་མ10སྟེང་། ཀོང་ཏུང་ཞིང་ཆེན་མཱེ་ཀྲོའུ་གྲོང་ཁྱེར་གྱི་མཱེ་ཀྲོའུ་གྲོང་ཁྱེར་ནས་ཏཱ་པུའུ་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཁྲ་དབྱང་ལམ་མཚམས་བརྡིབས་ནས་གནོད་སྐྱོན་ཚབས་ཆེན་བྱུང་།  ཚེས2ཉིན་གྱི་ཕྱི་དྲོའི་ཆུ་ཚོད3དང་སྐར་མ30བར་དུ། གཞུང་ལམ་བརྡིབས་པ་ལས་མི48རྐྱེན་ལམ་དུ་ཤོར་བ་དང་མི30ལ་རྨས་ཕོག་ཡོད།

གནོད་འཚེ་བྱུང་མ་ཐག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧ་ཅང་མཐོང་ཆེན་མཛད་པ་དང་མཛུབ་སྟོན་གལ་ཆེན་གནང་སྟེ། ཀོང་ཏུང་ཞིང་ཆེན་གྱི་མཱེ་ཀྲོའུ་གྲོང་ཁྱེར་ནས་ཏ་པུའུ་རྫོང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཁྲ་དབྱང་ལམ་མཚམས་བརྡིབས་ནས་མི་སྣར་ཤི་རྨས་ཚབས་ཆེན་བཟོས་འདུག ནུས་ཤུགས་ཡོད་རྒུས་ཡུལ་དངོས་རོགས་སྐྱོབ་དང་རྨས་མ་སྐྱོབ་བཅོས་བྱེད་རྒྱུ་དང་། འདས་འཇུག་དང་ཐག་གཅོད་སོགས་ཀྱི་བྱ་བ་འོས་འཚམ་སྒོས་བཟང་བོར་སྒྲུབ་དགོས་ལ། བརྡིབས་ཟིན་པའི་བགྲོད་ལམ་མྱུར་དུ་ཞིག་གསོ་བྱེད་རྒྱུ་དམ་འཛིན་བྱས་ནས། འགྲིམ་འགྲུལ་སྒྲིག་ལམ་གང་མགྱོགས་སྒོས་སླར་གསོ་བྱེད་དགོས།  མིག་སྔར“ལྔ་གཅིག”གུང་གསེང་གི་དུས་སྐབས་ཡིན་པས། མང་ཚོགས་འགྲོ་འོང་བྱེད་ཚད་སྔར་ལས་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། མི་སྣ་འཁོར་རྒྱུག་བྱེད་ཚད་སྔར་ལས་ཇེ་མང་དུ་འཕེལ་བཞིན་ཡོད་ལ། ད་དུང་ས་ཁུལ་ཁག་ཅིག་ཏུ་ཆར་པ་གཞི་ཁྱོན་ཆེན་པོའི་སྒོ་ནས་འབབ་བཞིན་ཡོད་པ་དང་། གཏད་རྒྱུག་དྲག་པོའི་གནམ་གཤིས་ཀྱང་འབྱུང་ཉེན་ཡོད་པར་བརྟེན་ནས། དེ་བསྟུན་གྱི་དོན་རྐྱེན་དང་གནོད་འཚེ་སྣ་ཚོགས་འབྱུང་སླ་བས། ས་གནས་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཚད་མཐའི་བསམ་གཞིགས་རྒྱུན་འཁྱོངས་བྱེད་རྒྱུ་དང་། བྱ་བའི་འགན་འཁྲི་སྔར་ལས་ཇེ་དམ་དུ་གཏོང་བ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་རྒྱག་པར་ཤུགས་སྣོན་པ། འཕྲལ་བསྟུན་སྔོན་ཇུས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། གཙོ་གནད་ས་ཁུལ་དང་འགག་རྩའི་ཁྱབ་ཁོངས་ཀྱི་ཉེན་ཁ་དང་འགལ་རྐྱེན་ཅི་རིགས་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གཏན་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས་པར་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཛུབ་སྟོན་གལ་ཆེན་གནང་ནས། ནུས་ཤུགས་ཡོད་རྒུས་རྨས་མ་མྱུར་སྐྱོབ་བྱེད་རྒྱུ་དང་འདས་འཇུག་ཐག་གཅོད་བྱ་བ་བཟང་བོར་སྒྲུབ་སྟེ། ཐབས་བརྒྱ་ཇུས་སྟོང་གིས་ཉེན་ཁའི་ཁྲོད་ཚུད་པའི་མི་སྣ་འཚོལ་སྐྱོབ་བྱས་ནས། ཡང་བསྐྱར་ཉེན་ཁ་མི་འབྱུང་བར་བྱེད་དགོས། མིག་སྔར“ལྔ་གཅིག”གུང་གསེང་གི་དུས་སྐབས་ཡིན་པས། མང་ཚོགས་ཡུལ་སྐོར་འགྲོ་སྐྱོད་ཀྱི་མཐོ་རླབས་ཡིན་པ་དང་ས་གནས་ཁག་ཅིག་ཏུ་ད་དུང་ཁྱབ་ཆེ་བའི་ཆར་བ་འབབ་རྒྱུ་རེད། ས་གནས་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བདེ་འཇགས་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། བགྲོད་ལམ་དང་མཛེས་ལྗོངས་ཁུལ་དང་དེ་བཞིན་སྤྱི་པའི་སྒྲིག་ཆས་སོགས་ཆར་བ་ཡུན་རིང་བབས་པ་ལས་བཟོས་པའི་ཉེན་ཁ་དང་འགལ་རྐྱེན་གཙོ་གནད་དུ་བཟུང་ནས་བརྟག་དཔྱད་བྱས་ཏེ། བདེ་འཇགས་དོ་དམ་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ནས། དོན་རྐྱེན་དང་གནོད་འཚེ་སྣ་ཚོགས་ལ་ནུས་ཤུགས་ཡོད་རྒུས་སྔོན་འགོག་བྱེད་དགོས་པར་བསྟན།

ཞི་ཅིན་ཕིང་དང་ལི་ཆང་གི་མཛུབ་སྟོན་བླང་བྱ་གཞིར་བཟུང་ནས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་གྱིས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ། ཡུལ་དངོས་སུ་ཕེབས་ནས་རོགས་སྐྱོབ་ཐག་གཅོད་བྱ་བར་མཛུབ་སྟོན་གནང་།  ཀོང་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་ཡུལ་དངོས་སུ་བསྐྱོད་དེ། འཐབ་ཕྱོགས་དང་པོའི་འཕྲལ་བསྟུན་ཐག་གཅོད་བྱ་བར་བཀོད་འདོམས་བྱས་པ་དང་། ཀོང་ཏུང་ཞིང་ཆེན་དང་མཱེ་ཀྲོའུ་གྲོང་ཁྱེར་གྱིས་ཡུལ་དངོས་བཀོད་འདོམས་པུའུ་དང་ལས་དོན་ཚན་ཆུང་མང་པོ་བཙུགས་ནས། ཡུལ་དངོས་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས། འགྲིམ་འགྲུལ་ཁྲིད་སྟོན། འདས་འཇུག་སོགས་ཀྱི་བྱ་བ་ནུས་ཤུགས་ཡོད་རྒུས་སྒྲུབ་བཞིན་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།