ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཧྥ་རན་སེའི་ཨོ་ལི་རྒྱལ་སྤྱིའི་གནམ་གྲུ་འབབ་ཚིགས་སུ་འབྱོར་ནས་ཡིག་ངོས་གཏམ་བཤད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས5ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་ཧྥ་རན་སེའི་ཨོ་ལི་རྒྱལ་སྤྱིའི་གནམ་གྲུ་འབབ་ཚིགས་སུ་འབྱོར་ནས་ཡིག་ངོས་གཏམ་བཤད་གནང་།

ཧྥ་རན་སེའི་ཨོ་ལི་རྒྱལ་སྤྱིའི་གནམ་གྲུ་འབབ་ཚིགས་སུ་འབྱོར་བའི་ཡིག་ངོས་གཏམ་བཤད།

(2024ལོའི་ཟླ5པའི་ཚེས5ཉིན། ཕ་རི་སི།)

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཞི་ཅིན་ཕིང་།

ཙུང་ཐུང་མ་ཁོ་ལུང་གི་གནད་ཞུ་ལྟར། ང་རང་ཐེངས་འདིའི་ཧྥ་རན་སེའི་སྤྱི་མཐུན་རྒྱལ་ཁབ་ལ་ཐེངས་གསུམ་པར་རྒྱལ་དོན་འཚམ་འདྲི་ཕེབས་པར་དགའ་སྤྲོ་སྐྱེས་ཡོད། 2014ལོ་དང2019ལོར། ང་རང་ཐེངས་གཉིས་ལ་དཔྱིད་ཀའི་དུས་སུ་ཧྥ་རན་སེར་འཚམ་འདྲི་ཕེབས་པ་དང་། ཧྥ་རན་སེ་མི་དམངས་དང་མཉམ་དུ་ཀྲུང་ཧྥ་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པ་དང་ལོ་འཁོར55ལོན་པར་རྟེན་འབྲེལ་ཞུས། ཐེངས་འདིར་ཀྲུང་ཧྥ་ཕྱི་འབྲེལ་བཙུགས་ནས་ལོ་འཁོར60ཐོན་ལ་ཉེ་བ་དང་། ང་རང་ཡང་བསྐྱར་མཛེས་སྡུག་ཡིད་འོང་གི་ཧྥ་རན་སེའི་ས་གཞི་ཆེན་མོར་ཕེབས་པ་ཡིན། གོ་སྐབས་འདི་དང་བསྟུན་ནས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས། ཧྥ་རན་སེ་སྲིད་གཞུང་དང་ཧྥ་རན་སེ་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམ་འདྲི་དང་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།

ཤར་ཕྱོགས་དཔལ་ཡོན་གྱི་གལ་ཆེའི་འཐུས་ཚབ་ཡིན་པའི་ཆ་ནས། ཀྲུང་གོ་དང་ཧྥ་རན་སེར་ཡུན་རིང་བའི་ཕན་ཚུན་རོལ་མྱོང་དང་ཕན་ཚུན་ཚུར་འགུག་གི་ལོ་རྒྱུས་ཡོད། ཧྥ་རན་སེའི་བློ་འབྱེད་བསམ་བློ་པས་སྔ་མོ་ནས་ཀྲུང་ཧྭའི་དཔལ་ཡོན་ལ་ཞིབ་འཇུག་བྱས་པ་དང་། ཀྲུང་གོ་མི་དམངས་ཀྱིས་ཀྱང་ཧྥུའུ་ཨར་ཐའེ་དང་ཀིན་ཏི་ལའོ། ཡུས་ཀོ། པ་ཨར་ཀྲ་ཁི་སོགས་ཧྥ་རན་སེའི་རིག་གནས་མཁས་ཅན་དག་ལ་རྒྱུས་མངའ་ཤིན་ཏུ་ཆེ། ལོ་ངོ60སྔོན་དུ། ཀྲུང་ཧྥ་རྒྱལ་ཁབ་གཉིས་ཀྱིས་འཇམ་འཐབ་ཀྱི་འགོག་རྒོལ་སེལ་ནས་གཞུང་ཚབ་རིམ་པའི་ཕྱི་འབྲེལ་བཙུགས་ཡོད། ལོ་ངོ60རིང་ལ། ཀྲུང་ཧྥ་འབྲེལ་བ་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་འབྲེལ་བའི་མདུན་གྲལ་དུ་བསྐྱོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་སྤྱི་ཚོགས་ལམ་ལུགས་མི་འདྲ་བའི་བར་གྱི་ཞི་བདེ་མཉམ་གནས་དང་མཉམ་ལས་མཉམ་རྒྱལ་གྱི་དཔེ་མཚོན་བཙུགས་ཡོད།

ཉེ་བའི་ལོ་འགའི་རིང་། ཀྲུང་ཧྥ་འབྲེལ་བས་ཆུ་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཤིང་། མཁའ་འགྲུལ་དང་མཁའ་སྐྱོད། ཉིང་ནུས། ཞིང་འབྲུ། ལྗང་མདོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་མུ་མཐུད་དུ་གྲུབ་འབྲས་གསར་པ་བླངས་ཡོད། རྒྱལ་ཁབ་གཉིས་ཀྱིས་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏོད་པ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ། འཛམ་གླིང་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་ནས་མཐུན་སྦྱོར་དང་རོགས་ལས་དམ་ཟབ་དུ་བཏང་ཡོད། ཀྲུང་ཧྥ་རིག་གནས་ཡུལ་སྐོར་ལོའི་བྱ་འགུལ་སོ་སོ་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད། ཀྲུང་ཧྥ་འབྲེལ་བའི་འཕེལ་རྒྱས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་མ་ཟད། ཟང་ཟིང་རྙོག་འཛིང་གི་འཛམ་གླིང་ལའང་གཏན་འཇགས་རང་བཞིན་དང་དྲང་ནུས་བསྩལ་ཡོད།

འཚམ་འདྲི་སྐབས་སུ། ངས་ཙུང་ཐུང་མ་ཁོ་ལུང་དང་མཉམ་དུ་གནས་བབ་གསར་བའི་འོག་གི་ཀྲུང་ཧྥ་དང་ཀྲུང་ཡོ་འབྲེལ་བའི་འཕེལ་རྒྱས་དང་། མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གནད་དོན་གལ་ཆེན་གྱི་ཐད་ནས་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱ་རྒྱུ་ཡིན། ངས་ཐེངས་འདིའི་འཚམ་འདྲི་བརྒྱུད་དེ། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེ་སྲ་བརྟན་དང་ཕན་ཚུན་ཆབ་སྲིད་ཡིད་རྟོན་ཇེ་ཟབ། འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྡུད། ཁྱབ་ཁོངས་སོ་སོའི་མཉམ་ལས་བརྗེ་རེས་གཏིང་ཟབ་དུ་བཏང་སྟེ། ལོ་རྒྱུས་ཀྱི་ཉམས་མྱོང་གིས་མདུན་ལམ་ལ་འོད་སྣང་བསྩོལ་བ་དང་། སྔར་ལས་མཛེས་སྡུག་གི་ཀྲུང་ཧྥ་འབྲེལ་བའི་མ་འོངས་པ་བསྐྲུན་ཏེ། འཛམ་གླིང་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་བཅས་ཀྱི་ཐད་བྱས་རྗེས་གསར་བ་འཇོག་རྒྱུའི་རེ་བ་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།