ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས《མཐོ་རིམ་སློབ་གྲྭའི་ཚོད་ལྟ་ཁང་གི་བདེ་འཇགས་རིམ་དབྱེ་རིགས་དགར་གྱི་ཚོད་ལྟའི་དོ་དམ་བྱེད་ཐབས》པར་འགྲེམས་བྱས།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཐོ་རིམ་སློབ་གྲྭའི་ཚོད་ལྟ་ཁང་གི་བདེ་འཇགས་དོ་དམ་ཞིབ་ཚགས་ལ་ཤུགས་སྣོན་པ་དང་། མཐོ་རིམ་སློབ་གྲྭའི་ཚོད་ལྟ་ཁང་གི་བདེ་འཇགས་ཉེན་ཁ་སྔོན་འགོག་གི་དམིགས་འབེན་རང་བཞིན་དང་ཕན་ནུས་མངོན་སུམ་གྱིས་ཇེ་ཆེར་གཏོང་ཆེད། ཉེ་ལམ། སློབ་གསོ་པུའུ་ཡིས《མཐོ་རིམ་སློབ་གྲྭའི་སློབ་ཚོད་ལྟ་ཁང་གི་བདེ་འཇགས་རིམ་དབྱེ་དང་རིགས་དགར་གྱི་ཚོད་ལྟའི་དོ་དམ་བྱེད་ཐབས》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས་ཏེ། མཐོ་རིམ་སློབ་གྲྭའི་ཚོད་ལྟ་ཁང་གི་བདེ་འཇགས་རིམ་དབྱེ་དང་རིགས་དགར་དོ་དམ་གྱི་འགན་འཁྲིའི་མ་ལག་དང་བྱ་བའི་རྩ་དོན། དོ་དམ་བླང་བྱ་སོགས་ལ་གཏན་འབེབས་ཁ་གསལ་བཟོས།

ངོ་སྤྲོད་བྱས་པ་ལྟར་ན། ཚོད་ལྟ་ཁང་གི་བདེ་འཇགས་རིམ་པ་དབྱེ་རྒྱུ་ཞེས་པ་ནི་ཚོད་ལྟ་ཁང་ནང་གནས་པའི་ཉེན་ཁའི་འབྱུང་ཁུངས་དང་དེའི་གསོག་ཚད་ལ་གཞིགས་ནས་ཉེན་ཁར་གདེང་འཇོག་བྱས་ཏེ། ཚོད་ལྟ་ཁང་དེའི་བདེ་འཇགས་རིམ་པ་གཏན་འཁེལ་བྱ་རྒྱུ་དེ་རེད། ཚོད་ལྟ་ཁང་གི་བདེ་འཇགས་རིམ་པ་དེ་རིམ་པ་བཞི་རུ་དགར་ཡོད་དེ། རིམ་བཞིན་ཉེན་ཁ་ཚབས་ཆེན་དང་ཉེན་ཁ་ཆེ་བ། ཉེན་ཁ་འབྲིང་བ། ཉེན་ཁ་ཆུང་གྲས་བཅས་ཀྱི་རིམ་པ་དགར་ཡོད། ཚོད་ལྟ་ཁང་གི་བདེ་འཇགས་རིགས་དགར་ཞེས་པ་ནི་ཚོད་ལྟ་ཁང་དུ་གནས་པའི་ཉེན་ཁའི་འབྱུང་ཁུངས་གཙོ་བོའི་རིགས་ལ་གཞིགས་ནས་ཚོད་ལྟ་ཁང་གི་བདེ་འཇགས་རིགས་ཐག་གཅོད་བྱེད་པ་ལ་ཟེར། ཚོད་ལྟ་ཁང་གཅིག་གི་ཉེན་ཁའི་འབྱུང་ཁུངས་དང་འབྲེལ་བ་ཡོད་པའི་རིགས་ཅུང་མང་བ་ཡིན་ན། རིམ་པ་ཆེས་མཐོ་བའི་ཉེན་ཁའི་འབྱུང་ཁུངས་ལ་གཞིགས་ནས་དེའི་རིགས་ཐག་གཅོད་བྱེད་དགོས། མཐོ་རིམ་སློབ་ཆེན་གྱི་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་ཁྱད་ཆོས་ལ་དམིགས་ཏེ། མཐོ་རིམ་སློབ་ཆེན་གྱི་ཚོད་ལྟ་ཁང་དེ་རྫས་འགྱུར་རིགས་དང་སྐྱེ་དངོས་རིགས། འགྱེད་འཕྲོའི་རིགས། འཕྲུལ་གློག་རིགས། རིགས་གཞན་དག་སོགས་སུ་དགར་ཡོད།

བྱེད་ཐབས་ཁ་གསལ་བཟོས་པ་ལྟར། ཚོད་ལྟ་ཁང་གི་སྤྱོད་སྒོ་དཔེར་ན་ཞིབ་འཇུག་གི་ནང་དོན་དང་ཉེན་ཁའི་འབྱུང་ཁུངས་ཀྱི་རིགས་དང་གྲངས་འབོར་སོགས་ཀྱི་རྒྱུ་རྐྱེན་ལ་འགྱུར་ལྡོག་འབྱུང་སྐབས། ཚོད་ལྟ་ཁང་གིས་འཕྲལ་དུ་ཉེན་ཁའི་འབྱུང་ཁུངས་དབྱེ་འབྱེད་དང་བདེ་འཇགས་ཉེན་ཁར་གདེང་འཇོག་བྱས་ཏེ། ཚོད་ལྟ་ཁང་གི་བདེ་འཇགས་རིགས་དང་རིམ་པ་ཡང་བསྐྱར་ཐག་གཅོད་བྱེད་དགོས། ཚོད་ལྟ་ཁང་གསར་སྐྲུན་དང་བསྐྱར་སྐྲུན། རྒྱས་སྐྲུན་བཅས་བྱེད་སྐབས། ཉེན་ཁའི་འབྱུང་ཁུངས་དབྱེ་འབྱེད་དང་བདེ་འཇགས་ཉེན་ཁའི་གདེང་འཇོག་དེ་འཛུགས་སྐྲུན་ལས་གཞི་དང་དུས་མཉམ་དུ་སྤེལ་དགོས་པ་དང་། ཚོད་ལྟ་ཁང་གི་བདེ་འཇགས་རིམ་པ་དབྱེ་ནས་རིགས་དགར་བྱ་བ་དེ་ལས་གཞི་དང་དུས་མཉམ་དུ་ཡོངས་འགྲུབ་བྱེད་དགོས་པའི་བླང་བྱ་བཏོན།

དེ་དང་ཆབས་ཅིག་ཏུ། ཚོད་ལྟ་ཁང་གི་འགན་འཁུར་པ་དང་ཚོད་ལྟ་ཁང་གི་བདེ་འཇགས་དོ་དམ་པ། ཚོད་ལྟའི་མི་སྣ་སོགས་ཀྱིས་རང་གནས་སའི་ཚོད་ལྟ་ཁང་གི་རིགས་དང་བདེ་འཇགས་རིམ་པ་གཞིར་བཟུང་ནས། དེ་མཚུངས་རིམ་པའི་བདེ་འཇགས་གསོ་སྦྱོང་དང་ལེན་བྱེད་རྒྱུ་དང་། དེ་མཚུངས་ཀྱི་འཕྲལ་སྡོམ་སྦྱོང་བརྡར་ཡང་བྱེད་དགོས། ཚོད་ལྟ་ཁང་དུ་སྤེལ་བའི་ཚན་རིག་ཞིབ་འཇུག་གི་ལས་གཞི་དང་སློབ་མའི་ཚོད་ལྟའི་ལས་ཀ ཡང་ན་ཚོད་ལྟའི་བྱེད་སྒོ་གཞན་དག་ལ་དེ་མཚུངས་རིམ་པའི་བདེ་འཇགས་ཉེན་ཁར་དཔྱད་འཇོག་བྱེད་དགོས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།