ཀྲུང་གོ་བོད་ཀྱི་དྲ་བ།

ས་གནས་སོ་སོས“ན་གཞོན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འགན་འཁུར་དགོས”ཞེས་པའི་ལྔ་བཞིའི་བརྗོད་དོན་ཉིན་མོའི་བྱེད་སྒོ་སྤེལ།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྔ་བཞིའི་ན་གཞོན་དུས་ཆེན་སླེབས་པའི་སྐབས་དང་བསྟུན་ནས། རྒྱལ་ཡོངས་ཀྱི་རིམ་པོ་སོ་སོའི་གུང་གཞོན་ཚོགས་པས“ན་གཞོན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འགན་འཁུར་དགོས”ཞེས་པའི་ལྔ་བཞིའི་བརྗོད་དོན་གཙོ་བོའི་ན་གཞོན་ཉིན་མོའི་བྱེད་སྒོ་སྤེལ་ཏེ། ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས། རྒྱ་ཆེའི་ན་གཞོན་ཚོས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད། ལང་ཚོའི་སྟོབས་ཤུགས་ཅི་ཡོད་སྐྱེས་སུ་འབུལ་རྒྱུར་སྐུལ་ལྕག་བཏང་།

པེ་ཅིང་སློབ་ཆེན་དུ་དགེ་སློབ་ཚོས་ལང་ཚོའི་སྙན་ངག་ཚོགས་འདུ་ཞིག་བསྡུས་ནས་ལྔ་བཞིའི་ན་གཞོན་དུས་ཆེན་བསུས། ཚང་མས་སྙན་ངག་ཐབས་སུ་བྱས་ཏེ། སྙན་ངག་གྱེར་འདོན་དང་གཞས་གཏོང་བ། གླུ་གར་འཁྲབ་སྟོན་སོགས་ཀྱི་རྣམ་པ་བརྒྱུད་དེ། ལང་ཚོ་དང་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་འདུན་པ་བསྟན་ནས་སྔོན་རབས་པར་གུས་འདུད་ཞུས།

ཅང་ཞི་རུ་གུང་གཞོན་ཚོགས་པའི་ཁོངས་མི་གསར་པ་ཚོས་ལས་རིགས་སོ་སོའི་ན་གཞོན་ཚོར་རྐང་ཐང་གི་བྱེད་སྒོ་སྤེལ་ཏེ། མེས་པོའི་ཞབས་རྗེས་སྙེག་བཞིན་དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱ་རྒྱུའི་དམ་བཅའ་བརྗིད་ཉམས་ཅན་བཞག ཀྲེ་ཅང་ཅ་ཞིན་དུ། ས་གནས་དེ་གའི་ན་གཞོན་དང་ལོ་ཆུང་བྱིས་པ་ཚོས་ད་དུང་མྱུར་འཁྱུག་སོགས་ཀྱི་རྣམ་པ་སྤྱད་དེ་ལྔ་བཞིའི་དགོངས་དོན་རྒྱུན་འཛིན་དར་སྤེལ་བཏང་ནས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་འཁྲུངས་སྐར་ལ་སྨོན་འདུན་ཞུས། ཧུའུ་ནན་དུ། ཧུའུ་ནན་དང་ཧུའུ་པེ། ཁྲུང་ཆིན། ཀོས་ཀྲོའུ་བཅས་ཞིང་ཆེན་དང་གྲོང་ཁྱེར་བཞིའི་གུང་གཞོན་ཚོགས་མི་དང་ན་གཞོན་འཐུས་མི་བརྒྱ་ལྷག་ཧྭ་ཡོན་རྫོང་ཧྲི་པ་ཐུང་གྲོང་ཚོ་རུ་སོང་ནས། ཞིབ་འཇུག་དང་སློབ་སྦྱོང་བརྗེ་རེས་བྱེད་སྒོ་སྤེལ་ཏེ། དུས་རབས་གསར་པའི་གྲོང་གསེབ་ཀྱི་འགྱུར་ལྡོག་ཆེན་པོའི་ཁྲོད་བསམ་བློའི་སྟོབས་ཤུགས་ལ་གོ་བ་ལེན་པ་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས།

གུང་གསེང་གི་སྐབས་འདིར། ཧྲན་ཏུང་དང་ཧྲན་ཞི། ཐེན་ཅིན་སོགས་སུ་ན་གཞོན་འཕྲལ་རྒོལ་རུ་མི་དང་ན་གཞོན་དང་བླངས་པས་བཟོ་སྐྲུན་འཛུགས་སྐྲུན་དང་ཞབས་ཞུ་འགན་ལེན་གྱི་འཐབ་ཕྱོགས་དང་པོའི་སྟེང་ལས་གནས་བརྟན་སྲུང་བྱས་ནས། འབད་འཐབ་དང་ལེགས་སྐྱེས་ལ་བརྟེན་ཏེ་ལང་ཚོའི་རང་མདངས་མངོན་གང་ཐུབ་བྱས།

ཟླ5པའི་ཚེས4ཉིན། དམག་ཡོངས་ཀྱི་དཔུང་སྡེ་སོ་སོས་ན་གཞོན་དཔོན་དམག་རྩ་འཛུགས་བྱས་ཏེ། ལྔ་བཞིའི་ན་གཞོན་དུས་ཆེན་གྱི་བརྗོད་དོན་རྗེས་དྲན་བྱེད་སྒོ་སྣ་ཚོགས་སྤེལ་ནས། ན་གཞོན་དཔོན་དམག་རྣམས་ཀྱིས་དམག་སྒར་ནས་རྐང་ཚུགས་ཐུབ་པར་བྱེད་པ་དང་རེ་བཅོལ་སྟོང་ཟད་དུ་མི་གཏོང་བ། དམག་དཔུང་སྟོབས་ལྡན་དང་དམག་དཔུང་དར་རྒྱས་གཏོང་བའི་ལག་ལེན་ཁྲོད་འགྱོད་པ་མེད་པའི་ལང་ཚོའི་ལེའུ་འབྲི་རྒྱུར་སྐུལ་མ་བཏང་།

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།