ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་འགོ་གཙོའི་གྲོས་ཚོགས་སྐབས་བཅོ་ལྔ་པར་འཕྲིན་ཡིག་བསྐུར་ནས་རྟེན་འབྲེལ་ཞུས།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་འགོ་གཙོའི་གྲོས་ཚོགས་སྐབས་བཅོ་ལྔ་པ་ཀང་པི་ཡའི་རྒྱལ་ས་པན་ཀྲུའུ་ཨར་ནས་འཚོགས་པར་འཕྲིན་ཡིག་བསྐུར་ཏེ་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་དབྱི་སི་ལན་མཉམ་ལས་རྩ་འཛུགས་ནི་དབྱི་སི་ལན་རྒྱལ་ཁབ་ཀྱི་མཐུན་སྒྲིལ་རང་བདག་གི་མཚོན་རྟགས་ཤིག་ཡིན་པ་དང་། རྩ་འཛུགས་དེས་དབྱི་སི་ལན་རྒྱལ་ཁབ་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད། ཀྲུང་གོ་དང་དབྱི་སི་ལན་རྒྱལ་ཁབ་ནི་གྲོགས་པོ་བཟང་པོ་དང་ཟླ་གྲོགས་བཟང་པོ་ཡིན་ལ། ཕན་ཚུན་བར་མཛའ་མཐུན་ལོ་རྒྱུས་ཡུན་རིང་ལྡན། ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུང་གོ་དང་དབྱི་སི་ལན་རྒྱལ་ཁབ་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་ཆེན་པོར་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་པས། དངོས་གཉེར་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། མཛའ་མཐུན་འབྲེལ་བ་མུ་མཐུད་ཇེ་དམ་དུ་སོང་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་དཔེ་མཚོན་ལྟ་བུར་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དབྱི་སི་ལན་རྒྱལ་ཁབ་དག་དང་མཉམ་དུ། སྲོལ་རྒྱུན་གྱི་མཛའ་མཐུན་རྒྱུད་མཐུད་གང་ལེགས་བྱེད་པ་དང་ཆབ་སྲིད་ཀྱི་ངོས་ནས་ཕན་ཚུན་བར་གྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་ཟབ་སྤེལ་བྱེད་པ། ཤེས་རིག་བརྗེ་རེས་རྒྱ་བསྐྱེད་པ། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་དང་འཛམ་གླིང་ཧྲིལ་པོའི་བདེ་འཇགས་གྲོས་འགོ འཛམ་གླིང་ཧྲིལ་པོའི་ཤེས་རིག་གྲོས་འགོ་བཅས་མཉམ་དུ་ལག་བསྟར་བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཅེས་གསུངས།

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།