ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་བདེ་པུའུ་ཡིས“ལྔ་གཅིག”གི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲན་སྐུལ་བཏོན་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “ལྔ་གཅིག”གུང་གསེང་སླེབས་ཉེར་ཡོད་པ་དང་བསྟུན། སྤྱི་བདེ་པུའུ་ཡིས་ཉེ་བའི་ལོ་ཤས་རིང“ལྔ་གཅིག”གུང་གསེང་གི་འགྲིམ་འགྲུལ་བདེ་འཇགས་དུས་བབ་ལ་དབྱེ་ཞིབ་དང་དཔྱད་ཞིབ་བྱས་ནས། ཚེས28ཉིན་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲན་སྐུལ་བཏོན་པ་རེད།

ད་ལོའི“ལྔ་གཅིག”གུང་གསེང་རིང་། མང་ཚོགས་ཀྱིས་གཉེན་ཉེ་དང་གྲོགས་པོ་ལ་འཚམས་འདྲི་དང་ཡུལ་སྐོར་ལ་འགྲོ་འདོད་ཆེན་པོ་ཡོད་པས་སྔོན་དཔག་བྱས་ན་དྭངས་གསལ་དུས་ཆེན་གྱི་གུང་གསེང་རིང་གི་འགྲོ་སྐྱོད་བྱེད་ཚད་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པ་མ་ཟད། ཟོག་འགྲེམས་སྐྱེལ་འདྲེན་མང་བའི་དུས་ཚིགས་སུ་སླེབས་ཡོད་པས། འགྲུལ་པ་དང་དངོས་ཟོག་འགྲོ་འོང་བྱེད་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁ་ཆེ་རུ་འགྲོ་རྒྱུ་རེད།

སྤྱི་བདེ་པུའུ་ཡིས་དབྱེ་ཞིབ་བརྡར་གཅོད་བྱས་པ་ལྟར་ན། གུང་གསེང་རིང་ཞིང་ཆེན་དང་གྲོང་ཁྱེར་ལས་བརྒལ་བ་དང་། ཕ་ཡུལ་དུ་ལོག་ནས་གཉེན་ཉེར་ཐུག་འཕྲད་བྱེད་ཚད་མང་དུ་ཕྱིན་ནས་གཞུང་ལམ་འགྲུལ་སྐྱེལ་དང་ཡུལ་སྐོར་འགྲུལ་སྐྱེལ། བོགས་གཏོང་རླངས་འཁོར་སོགས་འགྲུལ་སྐྱེལ་དགོས་མཁོ་མངོན་གསལ་དོད་པོས་ཆེ་རུ་འགྲོ་རྒྱུ་ཡིན་པས། བོགས་གཏོང་འགྲུལ་སྐྱེལ་སྔོན་མངག་དང་བོགས་གཏོང་རླངས་འཁོར་རང་སྐོར་སོགས་རང་གཤིས་ཅན་གྱི་འགྲུལ་སྐྱེལ་བདེ་འཇགས་ཀྱི་ཉེན་ཁར་སྣང་ཆུང་བྱེད་མི་རུང་བར་བསྟན།

གུང་གསེང་རིང་སྤྱི་དམངས་ཀྱིས་སྤྲོ་གསེང་དང་ཟ་མ་འདུ་འཛོམས་སོགས་ཀྱི་བྱེད་སྒོ་མང་དུ་འགྲོ་བ་དང་ཆང་འཐུང་ནས་རླངས་འཁོར་སྐོར་བ་སོགས་ཀྱི་ཆག་སྒོ་ཇེ་མང་དུ་ཕྱིན་ཡོད། སྤྱི་བདེ་པུའུ་ཡིས་བསྡོམས་རྩིས་བྱས་པར་གཞིགས་ན། ཉེ་བའི་ལོ་གསུམ་གྱི“ལྔ་གཅིག”གུང་གསེང་རིང་། ཆང་འཐུང་ནས་རླངས་འཁོར་བསྐོར་བའི་ཆག་སྒོའི་ཆ་སྙོམས་ཀྱི་མི་ཤི་ཚད་རྒྱུན་ལྡན་ལས19.4%མང་བ་རེད། གཞན་ཡང་དཔྱིད་དབྱར་དུས་ཀྱི་གནམ་གཤིས་འགྱུར་ལྡོག་ལྟར་ཁ་ལོ་བ་དེ་བས་ཐང་ཆད་སླ་པས་ངལ་དུབ་ཀྱིས་རླངས་འཁོར་བསྐོར་བའི་ཉེན་ཁ་ཆེ་རུ་འགྲོ་གི་ཡོད།

གཞན་ཡང་དཔྱིད་རྨོ་ཞིང་ལས་བྲེལ་འཚུབ་དང་དམངས་སྲོལ་བྱེད་སྒོ་མང་པས་གྲོང་གསེབ་ཏུ་གཅིག་སྡུད་ཐོག་འགྲོ་སྐྱོད་བྱེད་པའི་ཉེན་ཁ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། འཁོར་གསུམ་རླངས་འཁོར་དང་འདྲུད་འཐེན་འཁོར་ལོར་ཁྲིམས་འགལ་གྱིས་མི་སྡོད་པ། དེ་བཞིན་མགྲོན་འཁོར་ཆུང་བ་དང་སྦག་སྦག་འཁོར་ལོས་ཁྲིམས་འགལ་གྱིས་མི་འདྲུད་པ་ཐོན་སླ་ཞིང་དེར་མང་ཚོགས་ཤི་རྨས་ཀྱི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད། ཟོག་འགྲེམས་སྐྱེལ་འདྲེན་རྒྱུན་མཐུད་ངང་འཕར་བ་དང་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བས་ངལ་དུབ་ངང་རླངས་འཁོར་བསྐོར་བ་དང་། ཐེག་ཚད་ལས་བརྒལ་བ་སོགས་ཀྱི་མངོན་མེད་རྐྱེན་ངན་འབུར་ཐོན་ཡིན་པའི་ཁར་གུང་གསེང་རིང་གཞུང་ལམ་དུ་འགྲུལ་པ་དང་ཟོག་འདྲེན་རླངས་འཁོར་མཉམ་བསྲེས་བྱས་པས་འགྲུལ་པ་དང་ཟོག་འདྲེན་རླངས་འཁོར་གདོང་ཐུག་བྱུང་བའི་ལས་འཛོལ་གྱི་ཉེན་ཁ་ཆེ་རུ་ཕྱིན་ཡོད། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡར་གཞིགས་ན། “ལྔ་གཅིག”གུང་གསེང་རིང་གནམ་གཤིས་དྲོད་ཚད་ཇེ་མཐོ་དང་ཆར་ཆུ་ཇེ་མང་དུ་ཕྱིན་ནས། རླངས་འཁོར་ལམ་འདྲེད་ཀྱི་དོན་རྐྱེན་ཐོན་སླ་བ་རེད།

སྤྱི་བདེ་པུའུ་ཡིས། གུང་གསེང་རིང་སྒེར་འཁོར་འགྲོ་སྐྱོད་བྱེད་སྐབས་འབྲེལ་ཡོད་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་འགྲིམ་འགྲུལ་གནས་ཚུལ་གྱི་ཆ་འཕྲིན་དང་འགྲིམ་འགྲུལ་བདེ་འཇགས་ཀྱི་སྣེ་སྟོན་ལ་དོ་ཁུར་བྱས་ཏེ། འགྲོ་སྐྱོད་དུས་ཚོད་དང་ལམ་ཐིག་སྔོན་ལ་བཀོད་སྒྲིག་བྱས་ནས། ཆང་འཐུང་རྗེས་རླངས་འཁོར་གཏོང་བ་དང་། མྱུར་ཚད་ལས་བརྒལ་ནས་རླངས་འཁོར་གཏོང་བ། སེམས་གཡེང་ནས་རླངས་འཁོར་གཏོང་བ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་གཏན་འགོག་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།