ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལེ་ཅི་ཡིས་ཧ་སག་སི་ཐན་གྱི་གྲོས་ཁང་ཞོལ་མའི་གྲོས་དཔོན་ཁི་ཧྲ་ནའོ་ཧྥུའུ་དང་གྲོས་མོལ་མཛད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས25ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧ་སག་སི་ཐན་གྱི་གྲོས་ཁང་ཞོལ་མའི་གྲོས་དཔོན་ཁི་ཧྲ་ནའོ་ཧྥུའུ་དང་གྲོས་མོལ་མཛད།

ཟླ4པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧ་སག་སི་ཐན་གྱི་གྲོས་ཁང་ཞོལ་མའི་གྲོས་དཔོན་ཁི་ཧྲ་ནའོ་ཧྥུའུ་དང་གྲོས་མོལ་མཛད།

ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་གཉིས་ཀྱི་འཐབ་ཇུས་ཀྱེ་སྣེ་ཁྲིད་འོག རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་མཆོང་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་། ཡུན་རིང་གི་ཕྱོགས་ཡོངས་ཀྱི་འཐང་ཇུས་གྲོགས་པོའི་འབྲེལ་བ་མཐོ་ཚད་གསར་བར་སླེབས་ལ། གནད་འགག་གལ་ཆེན་གྱི་ལོ་ངོ་སུམ་ཅུ་གསར་པ་ཞིག་གི་འགོ་བརྩམས་པ་དང་། མི་རབས་ནས་མི་རབས་བར་མཛའ་མཐུན་ལྡན་པ་དང་ཕན་ཚུན་ལ་ཡིད་ཆེས་བརྟན་པོ་ཡོད་པ། བདེ་སྡུག་མཉམ་མྱོང་གི་ཀྲུང་གོ་དང་ཧ་སག་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་འཛུགས་བྱེད་བཞིན་པའི་སྒང་ཡིན།

ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུང་གོས་ཧ་སག་སི་ཐན་དང་མཉམ་དུ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་འབྲེལ་བའི་གནད་དོན་སྟེང་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི་ངང་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པར་སྐུལ་འདེད་གཏོང་བ། 2024ལོའི་ཀྲུང་གོའི་ཧ་སག་སི་ཐན་གྱི་ཡུལ་སྐོར་ལོ་གོ་སྐབས་སུ་འཛིན་པ། ཡུལ་སྐོར་དང་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་གཉིས་དང་ས་ཁུལ་འཕེལ་རྒྱས་ཀྱི་བདེ་འཇགས་འགོག་ར་བརྟན་པོ་འཛུགས་པ། རྒྱལ་སྤྱིའི་མཉམ་ལས་རྒྱ་བསྐྱེད་དེ། ཕྱོགས་མང་རིང་ལུགས་དངོས་ལ་སྲུང་སྐྱོབ་བྱེད་འདོད་ཡོད།

ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཧ་སག་སི་ཐན་གྱི་གྲོས་ཁང་དང་མཉམ་དུ་འབད་འཐབ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་གི་ལྟ་བ་གལ་ཆེན་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། དུས་ཐོག་ཏུ་འབྲེལ་ཡོད་བཅའ་ཁྲིམས་ཡིག་ཆར་ཆོག་མཆན་འགོད་པ་དང་བཟོ་བཅོས་བྱས་ནས། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་སྔར་ལས་ལེགས་པའི་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད། མཐོ་རིམ་བར་གྱི་འགྲོ་འོང་གི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱེད་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་དང་ཕྱོགས་གཉིས་ཀྱི་མཛའ་མཐུན་ཚན་ཆུང་། དམངས་ཆེན་གྱི་འཐུས་མི་དང་གྲོས་མིའི་བར་གྱི་མཛའ་མཐུན་འགྲོ་འོང་ཇེ་ཟབ་ཏུ་བཏང་སྟེ། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་ཉམས་མྱོང་བརྗེ་རེས་ཇེ་ཟབ་ཏུ་གཏོང་འདོད་ཡོད།

ཀྲའོ་ལེ་ཅི་ཡིས་ཀྲུང་གོས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པའི་གནས་ཚུལ་དང་ཞིན་ཅང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ངོ་སྤྲོད་བྱས།

ཁི་ཧྲ་ནའོ་ཧྥུའུ་ཡིས་བསྟན་དོན། ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གཉིས་ཀྱིས་འགྲོ་འོང་དམ་ཟབ་སྲུང་འཛིན་བྱས་ནས། ཧ་སག་སི་ཐན་དང་ཀྲུང་གོའི་ཡུན་རིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་བྱས། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་སར་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱིན་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་གཞི་དང་འཛམ་གླིང་ཧྲིལ་བོའི་བདེ་འཇགས་གྲོས་གཞི། འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་གཞི་བཅས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཧ་སག་སི་ཐན་གྱི་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་མཛའ་མཐུན་མཉམ་ལས་ལ་ཤུགས་སྣོན་པ་དང་། ཁྲིམས་འཛུགས་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱས་ཏེ། ཧ་སག་སི་ཐན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་ཐད་ནས་ཁྲིམས་འཛུགས་ལས་ཁུངས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་རྒྱུའི་རེ་བ་བཅངས་ཡོད།

ཧའོ་མེན་ཅིན་གྲོས་མོལ་ལ་ཞུགས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།