ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས་པའི་སྐོར་གྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་པའི་གནས་ཚུལ་སྙན་ཞུར་མཉན། 《རྒྱལ་དབང་ཁེ་ལས་དོ་དམ་མི་སྣར་ཆད་པ་གཅོད་པའི་སྲོལ་ཡིག(འཆར་ཟིན)》དང《བཟོ་ལས་ཐོན་རྫས་ཐོན་སྐྱེད་གཉེར་ཆོག་པའི་དཔང་ཡིག་གི་དོ་དམ་དཀར་ཆག་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ4པའི་ཚེས26ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་མགོ་འཛིན་གནང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས་པའི་སྐོར་གྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་པའི་གནས་ཚུལ་སྙན་ཞུར་མཉན་པ་དང་།《རྒྱལ་དབང་ཁེ་ལས་དོ་དམ་མི་སྣར་ཆད་པ་གཅོད་པའི་སྲོལ་ཡིག(འཆར་ཟིན)》དང《བཟོ་ལས་ཐོན་རྫས་ཐོན་སྐྱེད་གཉེར་ཆོག་པའི་དཔང་ཡིག་གི་དོ་དམ་དཀར་ཆག་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བསྟན་དོན། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ་ནི་སྤྱི་ཚོགས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཁྲོམ་རར་གསོན་ཤུགས་རྒྱས་པར་བྱེད་པ། འཕེལ་རྒྱས་ཀྱི་གཏིང་ཤུགས་ཇེ་ཆེར་གཏོང་བ་བཅས་ཀྱི་དམ་འཛིན་བྱེད་ཡུལ་གལ་ཆེན་ཞིག་ཡིན། འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམ་པོར་དམིགས་ཏེ་ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་པའི་ཐད་མུ་མཐུད་ཤུགས་བསྣན་ནས་ངེས་པར་དུ་ཕན་འབྲས་ཐོན་པར་བྱེད་དགོས། ལྟ་ཞིབ་རྟོག་ཞིབ་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་ལ་འབྲེལ་ཡོད་ས་གནས་དང་སྡེ་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། དྲང་གཞག་འགྲན་རྩོད་ལ་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། ཁྲོམ་རའི་བཀག་རྒྱ་མེད་པར་བཟོ་བ། ཕྱི་ཕྱོགས་ལ་སྒོ་འབྱེད་ཤུགས་ཇེ་ཆེར་གཏོང་བ། སྲིད་དོན་ཞབས་ཞུ་ལེགས་སྒྱུར་སོགས་ཐད་གནས་པའི་དཀའ་ཁག་དང་གནད་དོན་ལ་དམ་པོར་དམིགས་ཏེ། དངོས་སྒྲུབ་ཡིན་ལ་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ་དངོས་ཡོད་དཀའ་ཁག་ཐག་གཅོད་ཏན་ཏིག་བྱེད་དགོས། རྩད་གཅོད་ལྟ་སྐུལ་དང་ལས་དོན་སྒྲུབ་པར་ཤུགས་བསྣན་ནས། དུས་ཐོག་ཏུ“ཕྱིར་མིག་བལྟས”ཏེ། གནད་དོན་ཚང་མ་དག་ཐེར་གནད་ལ་འཁེལ་བར་འགན་ལེན་ནན་མོ་བྱེད་དགོས། ལྟ་ཞིབ་དང་རྟོག་ཞིབ་ནན་མོ་བྱས་ནས་བསྡུ་རུབ་བྱས་པའི་བསམ་འཆར་དང་གྲོས་འགོ་ལ་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་ལས་བགོས་ལྟར་དུ། དོན་ཚན་རེ་རེ་བཞིན་དབྱེ་ཞིབ་རྟིང་ཐག་ཆོད་པ་བྱས་ཏེ། སྲིད་ཇུས་གཏན་འབེབས་དང་འདོན་སྐབས་བསམ་འཆར་བསྡུ་ལེན་གང་ལེགས་བྱེད་དགོས། དཔེ་མཚོན་ཉམས་མྱོང་དང་བྱེད་སྟངས་ལ་དུས་ཐོག་ཏུ་སྤྱི་སྡོམ་དང་ཁྱབ་གདལ་གཏོང་དགོས།

ཚོགས་ཐོག་ནས《རྒྱལ་དབང་ཁེ་ལས་དོ་དམ་མི་སྣར་ཆད་པ་གཅོད་པའི་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། གྲོས་ཚོགས་ལས་བསྟན་དོན། རྒྱལ་དབང་ཁེ་ལས་ཀྱི་དོ་དམ་མི་སྣར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་དེ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་སྤྱོད་གཙང་ལས་གཉེར་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ངེས་ཅན་ཡོད་ཅིང་། རྒྱལ་དབང་ཁེ་ལས་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་ཡོད། ཁྲིམས་འཛིན་དང་འགན་འཁྲི་རྩད་གཅོད་ནན་མོ་བྱས་ཏེ་སྲོལ་ཡིག་དོན་འཁྱོལ་དང་སྐོར་ཞིབ་དག་ཐེར་ལས་དོན་ཟུང་འབྲེལ་དམ་ཟབ་བྱས་ནས། ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་རྒྱུ་དང་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས། རྒྱུན་ལྡན་གྱི་ལྟ་སྐུལ་ལ་ཤུགས་བསྣན་ནས། སྲོལ་ཡིག་ནང་གཏན་འབེབས་བྱས་པའི་ཁྲིམས་འགལ་བྱ་སྤྱོད་དང་བསྡུར་ནས་གཙོ་གནད་ཁྱབ་ཁོངས་ཀྱི་མི་སྣ་གཙོ་བོར་དོ་སྣང་ནན་མོ་བྱེད་པ་དང་། འབྱུང་སླ་ཞིང་འབྱུང་མང་བའི་གནད་དོན་ལ་དམ་པོར་དམིགས་ཏེ། སྔ་མོ་ནས་དམ་འཛིན་བྱེད་པ་དང་ཆུང་ས་ནས་དམ་འཛིན་བྱེད་པ། རིམ་བཞིན་སྔོན་འགོག་བཅས་བྱེད་དགོས། རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་དང་རྒྱལ་དབང་ཁེ་ལས་བཅོས་སྒྱུར་ཟབ་སྤེལ་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། སྒྲིག་སྲོལ་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་ལམ་ལུགས་ཀྱི་སྐྱོན་ཆ་སེལ་བ་བཅས་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། ཐོན་སྐྱེད་གཉེར་ཆོག་པའི་དཔང་ཡིག་ལམ་ལུགས་ནི་བཟོ་ལས་ཐོན་རྫས་གལ་ཆེན་གྱི་སྤུས་ཚད་བདེ་འཇགས་ཀྱི་ལམ་ལུགས་འགན་ལེན་ཞིག་ཡིན། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་པའི་བདེ་འཇགས་དང་འབྲེལ་བ་ཡོད་པའི་ཉེན་ཁ་ཆེ་བའི་ཐོན་རྫས་རྣམས་དུས་ཐོག་ཏུ་ཐོན་སྐྱེད་བྱས་ཆོག་པའི་དཔང་ཡིག་དོ་དམ་ཁྱབ་ཁོངས་ནང་འཇུག་རྒྱུར་ཞིབ་འཇུག་བྱེད་རྒྱུ་དང་ལག་བསྟར་ཞིབ་སྲོལ་བཟོ་དགོས་པ་དང་། གཉེར་ཆོག་པའི་དོ་དམ་དང་འབྱུང་རྩ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། གཉེར་ཆོག་པའི་དཔང་ཡིག་ཐོབ་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། སྤུས་ཚད་བདེ་འཇགས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས། ཁེ་ལས་ཀྱིས་ཐོན་རྫས་སྤུས་ཚད་ཀྱི་གཙོ་འགན་་ཏན་ཏིག་ངང་འཁུར་བར་སྐུལ་འདེད་གཏོང་དགོས། ཐོན་སྐྱེད་གཉེར་ཆོག་པའི་དཔང་ཡིག་གི་དོ་དམ་མེད་པར་བཟོས་པའི་བཟོ་ལས་ཐོན་རྫས་ལ་སྤུས་ཚད་དང་བདེ་འཇགས་ཀྱི་ཉེན་ཁར་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་དང་། ལྟ་སྐུལ་དང་འཐེན་བཤེར་བྱེད་ཤུགས་ཇེ་ཆེར་གཏོང་བ། སྤུས་ཚད་དང་བདེ་འཇགས་ཀྱི་འགལ་རྐྱེན་མེད་པར་བཟོ་ཤུགས་ཇེ་ཆར་གཏོང་དགོས། ཐོན་རྫས3Cདཔང་དངོས་བདེན་པ་ཡིན་པའི་ར་སྤྲོད་དང་རྒྱལ་ཁབ་ཀྱི་བཙན་ཤེད་རང་བཞིན་གྱི་ཚད་གཞི་སོགས་ཀྱི་བྱེད་ཐབས་གཅིག་གྱུར་གྱིས་བེད་སྤྱོད་ཡག་པོ་བྱས་ཏེ། འཕྲལ་མར་མཁོ་བའི་གཙོ་གནད་ཚད་གཞི་ཁག་གཅིག་བཟོ་བཅོས་དམ་འཛིན་བྱས་ནས། ཚད་གཞི་མཐོར་གཏོང་ལ་བརྟེན་ནས་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་ཁྲིད་བྱེད་དགོས།

གྲོས་ཚོགས་ལས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།