ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཧུའུ་ཉིང་གིས་ཀྲུང་གོའི་རྒྱལ་དམངས་ཏང་གི་དམངས་སེམས་འཐུས་མིའི་བཅར་འདྲི་ཚོགས་པར་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས27ཉིན་པེ་ཅིན་དུ་ཧྥུའུ་ཁུན་ཆི་ཡིས་སྣེ་ཁྲིད་པའི་ཀྲུང་གོའི་རྒྱལ་དམངས་ཏང་གི་དམངས་སེམས་འཐུས་མིའི་བཅར་འདྲི་ཚོགས་པ་འཁོར་དང་བཅས་པར་ཐུག་འཕྲད་གནང་། ཁོས་བསྟན་དོན། ང་ཚོས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་དང་དགུ་གཉིས་ཐུན་མོང་ངོས་འཛིན་རྒྱུན་འཁྱོངས་བྱས་ཏེ། ཐའེ་ཝན་རང་བཙན་གྱི་ཁ་བྲལ་འགུལ་སྐྱོད་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། ངོགས་གཉིས་ཀྱི་བརྗེ་རེས་མཉམ་ལས་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཐའེ་ཝན་སྤུན་ཟླ་དང་མཉམ་དུ་ངོགས་གཉིས་ལ་ཞི་བདེ་བརྩོན་ལེན་དང་སྤུན་ཟླར་བདེ་སྐྱིད་བསྐྲུན་པ། མི་རིགས་ཀྱི་བསྐྱར་དར་གཉེར་བ་བཅས་བྱེད་དགོས།

ཟླ4པའི་ཚེས27ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིན་དུ་ཧྥུའུ་ཁུན་ཆི་ཡིས་སྣེ་ཁྲིད་པའི་ཀྲུང་གོའི་རྒྱལ་དམངས་ཏང་གི་དམངས་སེམས་འཐུས་མིའི་བཅར་འདྲི་ཚོགས་པ་འཁོར་དང་བཅས་པར་ཐུག་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། ངོགས་གཉིས་ཀྱི་སྤུན་ཟླ་ནི་ཀྲུང་ཧྭ་མི་རིགས་ལ་གཏོགས་པ་དང་། མི་རིགས་ཀྱི་བདེན་དོན་སྲུང་འཛིན་བྱས་ཏེ་ལག་གདང་སྦྲེལ་ནས་མི་རིགས་བསྐྱར་དར་མཉམ་སྐྲུན་དང་བསྐལ་བཟང་གཟི་དཔལ་མཉམ་སྤྱོད་བྱེད་དགོས། ང་ཚོས་ངོགས་གཉིས་ཀྱི་སྤུན་ཟླར་བདེ་སྐྱིད་བརྩོན་ལེན་བྱེད་པ་དེ་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་མགོ་རྩོམ་ས་དང་གཞི་འབབ་སར་བརྩིས་ནས། ཐོག་མཐའ་བར་གསུམ་དུ་ཐའེ་ཝན་སྤུན་ཟླར་བརྩི་བཀུར་དང་གཅེས་སྐྱོང་། བདེ་སྐྱིད་བསྐྲུན་ནས། ཐའེ་ཝན་སྤུན་ཟླ་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ། ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་བདེ་སྐྱིད་གསར་སྐྲུན་བྱེད་དགོས། ཀྲུང་གོའི་གོ་མིན་ཏང་གི་དམངས་སེམས་འཐུས་མིས་དགེ་མཚན་ལྡན་པའི་བྱེད་ནུས་འདོན་སྤེལ་བྱས་ཏེ། ཐུན་མོང་ཐོག་ངོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ངོགས་གཉིས་ཀྱི་སྤུན་ཟླ་དང་ལྷག་པར་དུ་ན་གཞོན་རྣམས་ངོགས་གཉིས་ཀྱི་བརྗེ་རེས་འགྲོ་འོང་ཁྲོད་ཐེངས་མང་པོར་ཞུགས་ནས། ངོགས་གཉིས་ཀྱི་འབྲེལ་བའི་མཛེས་སྡུག་གི་མ་འོངས་པ་མཉམ་དུ་བསྐྲུན་རྒྱུའི་རེ་བ་ཡོད།

ཝང་ཧུའུ་ཉིང་གིས་བསྟན་དོན། སྐམ་ས་ཆེན་མོའི་སྤུན་ཟླས་ལེན་ཧྭ་ས་འགུལ་གྱི་གནོད་ཐེབས་མང་ཚོགས་ལ་ཐུགས་ཁུར་བྱེད་བཞིན་ཡོད་པ་དང་། ལེན་ཧྭ་གནོད་ཐེབས་ཁུལ་གྱི་གནོད་ཕྱིའི་བསྐྱར་འཛུགས་ཧུར་ཐག་གིས་རོགས་སྐྱོར་བྱེད་འདོད་ཡོད།

ཧྥུའུ་ཁུན་ཆི་ནས་བསྟན་དོན། ངོགས་གཉིས་ཀྱི་སྤུན་ཟླ་ནི་རིགས་རྒྱུད་གཅིག་པ་དང་རིག་གནས་གཅིག་པ། ཁྲག་རྒྱུན་གཅིག་པ། མེས་པོ་གཅིག་པ་བཅས་ཡིན་པས། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོར་གཏོགས་པ་ཡིན། རྒྱལ་དམངས་ཏང་དང་གུང་ཁྲན་ཏང་གཉིས་ཀྱི་ཐུན་མོང་གི་ཆབ་སྲིད་རྨང་གཞིའི་སྟེང་། ངོགས་གཉིས་ཀྱི་བརྗེ་རེས་མཉམ་ལས་དང་སྤུན་ཟླའི་འགྲོ་འོང་ལ་སྐུལ་འདེད་བཏང་ནས། ཐའེ་ཝན་མཚོ་འགག་གི་ཞི་བདེར་མཉམ་དུ་སྲུང་སྐྱོབ་བྱས་ནས། ངོགས་གཉིས་ཀྱི་འབྲེལ་བ་ཡང་བསྐྱར་ཞི་བདེའི་འཕེལ་རྒྱས་བགྲོད་ལམ་དུ་ལོག་པར་སྐུལ་འདེད་བྱེད་པ་དང་། ངོགས་གཉིས་ཀྱི་སྤུན་ཟླར་ཁེ་ཕན་བདེ་སྐྱིད་ཇེ་ཆེར་བཏང་སྟེ་མཉམ་དུ་མཛེས་སྡུག་གི་མ་འོངས་པ་བསྐྲུན་རྒྱུའི་རེ་བ་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།