ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལེ་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པར་ཞུགས་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མི་ཚོ་དང་ལྷན་དུ་བཞུགས་མོལ་བརྗེ་རེས་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས25ཉིན་གྱི་སྔ་དྲོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པར་ཞུགས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཚོ་དང་ལྷན་དུ་བཞུགས་མོལ་བརྗེ་རེས་མཛད། ཁོང་གིས་རྒྱལ་ཡོངས་དམངས་ཆེན་གྱིས་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་སྐབས་ཀྱི་གསུང་བཤད་གལ་ཆེན་དང་ཚོགས་ཆེན་གྱི་དགོངས་དོན་དྲིལ་སྒྲོག་བཟང་བོ་དང་ལག་བསྟར་བཟང་བོ་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་ཁྲོད་རང་གི་འགན་ནུས་གནས་ཐིག་བཙལ་ཏེ། ཁྲིམས་ལྟར་འགན་ནུས་དོན་འཁྱོལ་བྱེད་པ་དང་། ཆེད་ལས་ཁྱད་ཆོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ཧུར་ཐག་གིས་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན། 

ཟླ4པའི་ཚེས25ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པར་ཞུགས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཚོ་དང་ལྷན་དུ་བཞུགས་མོལ་བརྗེ་རེས་མཛད། 

བཞུགས་མོལ་ཚོགས་འདུའི་སྟེང་། ཨུ་ཡོན་རྣམས་ཀྱིས་ནུས་ཁུངས་བཅའ་ཁྲིམས་གཏན་འབེབས་དང་། རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས་བཟོ་བཅོས་བྱེད་པ་སོགས་ཀྱི་ཐད་བསམ་འཆར་བཏོན། ཀྲའོ་ལེ་ཅི་ཡིས་གཟབ་ནན་གྱིས་ཉན་རྗེས། ཚང་མ་དང་མཉམ་དུ་བརྗེ་རེས་གཏིང་ཟབ་བྱས། ཁོང་གིས་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིས་ཏང་དང་རྒྱལ་ཁབ་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་ཡོད་པ་དང་། མི་དམངས་ཀྱི་ཁེ་ཕན་དང་བསམ་འདུན་མཚོན་པར་བྱས་ཏེ་ཁྲིམས་ལྟར་རྒྱལ་ཁབ་ཀྱི་དབང་ཆ་ལག་བསྟར་བྱེད་པར་ཞུགས་ཡོད། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། གཏན་ཕབ་གཉིས་ལ་གོང་བཀུར་དང་སྲུང་སྐྱོང་གཉིས་སྒྲུབ་ཐུབ་པར་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཆེ་ཕྱོགས་ལ་བསྟུན་པ་དང་དེར་ཞབས་འདེགས་ཞུ་བ་དེ་འགན་ནུས་དོན་འཁྱོལ་གྱི་བརྒྱུད་རིམ་ཧྲིལ་བོའི་ཁྲོད་མངོན་པར་བྱེད་དགོས། མུ་མཐུད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོས་པས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་བཏང་ནས། རང་རྟོགས་སྒོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་དགོས། ཆེད་ལས་དང་ཁྱད་ཆོས་ལ་རྐང་བཙུགས་ནས། འཐུས་མིའི་ལས་འགན་ལག་བསྟར་བྱེད་པ་དང་རང་འཁྲིའི་བྱ་བ་བཟང་བོར་སྒྲུབ་པ་གཉིས་ཕན་ནུས་ལྡན་པར་ཟུང་སྦྲེལ་བྱས་ནས། འཐུས་མིའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས། ད་ལོ་ནི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བཙུགས་ནས་ལོ་བདུན་ཅུ་འགོར་བའི་ལོ་རེད། འགན་སྒྲུབ་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་ཁྱད་ཆོས་དང་དགེ་མཚན། འཕེལ་རྒྱས་ཀྱི་གྲུབ་འབྲས་བཅས་དྲིལ་སྒྲོག་གཏིང་ཟབ་མོ་བྱས་ཏེ། རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་དེ་མི་རྣམས་ཀྱི་སེམས་ཁོང་དུ་སིམ་པར་བྱེད་དགོས། 

ཀྲའོ་ལེ་ཅི་ཡིས་བསྟན་དོན། འཐུས་མི་དག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཁྲོད་ཟབ་ཞུགས་བྱས་ན། དམངས་ཆེན་བྱ་བའི་སྤུས་ཚད་མཐོར་འདེགས་ལ་དོན་སྙིང་གལ་ཆེན་ལྡན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཁྲོད་ཞུགས་པའི་ཡངས་ཚད་དང་ཟབ་ཚད་རྒྱ་བསྐྱེད་དེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བ་གཙོ་བོ་དང་འཆར་གཞི་ལ་དམིགས་ནས། སྔོན་ལ་རྟོག་ཞིབ་ཟབ་མོ་བྱེད་པ་དང་། དེ་ནས་འབྲེལ་ཡོད་ཁྲིམས་འཛུགས་ཁྲོད་ཟབ་ཞུགས་བྱེད་དགོས། བྱ་བར་ལྟ་སྐུལ་བྱེད་དུས་བསམ་ཚུལ་ངོ་མ་འདོན་པ་དང་། དངོས་ཐབས་ལེགས་ཇུས་འདོན་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཆེད་ལས་ཨུ་ཡོནལྷན་ཁང་། བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་འཐུས་མི་ལ་འབྲེལ་འདྲིས་བྱས་ནས། འཐུས་མིའི་གྲོས་གཞི་དང་བསམ་འཆར་ལ་ཉན་པ་དང་བསྡུ་ལེན་བྱེད་དགོས། འཐུས་མི་དཔལ་འབྱོར་བྱ་བའི་ལྟ་སྐུལ་དང་སྔོན་རྩིས་ཞིབ་བཤེར། རྒྱལ་དབང་ཁེ་ལས་དོ་དམ་ལྟ་སྐུལ། སྲིད་གཞུང་བུན་གཉེར་དོ་དམ་ལྟ་སྐུལ་སོགས་ཀྱི་བྱ་བའི་རྐྱེན་སྲོལ་ཁྲོད་ཟབ་ཞུགས་བྱེད་པ་ལག་བསྟར་དོན་འཁྱོལ་བྱེད་དགོས། དམངས་ཆེན་གྱིས་ཕྱི་ཕྱོགས་བརྗེ་རེས་བྱེད་དུས། འཐུས་མིས་རང་གི་དངོས་བརྒྱུད་ཀྱི་མྱོང་བ་ལ་བརྟེན་ནས་ཀྲུང་གོའི་གཏམ་རྒྱུད་བཟང་བོར་བཤད་པར་སྐུལ་མ་གཏོང་དགོས། 

ཀྲའོ་ལེ་ཅིས་ནན་གྱིས་བསྟན་དོན། མི་དམངས་མང་ཚོགས་དང་དམ་དུ་འབྲེལ་འདྲིས་བྱེད་པ་ནི། དམངས་ཆེན་བྱ་བའི་གསོན་ཤུགས་ཀྱི་འགོ་ཁུངས་དང་འཐུས་མིའི་འགན་ནུས་ལག་བསྟར་གྱི་རྨང་གཞི་ཡིན། མི་དམངས་མང་ཚོགས་དང་སྔར་ལས་འབྲེལ་འདྲིས་ཟབ་མོ་བྱས་ནས། བཅོས་སྒྱུར་འཕེལ་རྒྱས་གཏན་འཇགས་དང་། མི་དམངས་ཀྱི་ཁེ་ཕན་དང་འབྲེལ་བའི་གནད་དོན་གལ་ཆེན། དམངས་ཆེན་ཁྲིམས་འཛུགས། ལྟ་སྐུལ་སོགས་ཀྱི་བྱ་བ་གཙོ་བོར་དམིགས་ནས། མང་ཚོགས་ཀྱི་འབོད་སྒྲ་ལ་ཉན་པ་དང་། མང་ཚོགས་ཀྱི་རེ་བ་མཚོན་པར་བྱས་ཏེ། འགན་ནུས་ཁྱབ་ཁོངས་སུ་དམངས་ཀྱི་འབོད་པ་ལ་རང་ངོས་ནས་ཡ་ལན་ཡོད་པར་བྱེད་དགོས། མང་ཚོགས་ཀྱིས་བཤད་པའི་ཡོངས་ཁྱབ་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ལ་གཟབ་ནན་གྱིས་གསེད་བཀྲོལ་དང་ཞིབ་འཇུག་བྱས་ནས། དམངས་ཀྱི་འདོད་བློ་དང་བློ་གྲོས་དེ་འབྲེལ་ཡོད་གྲོས་གཞི་བསམ་འཆར་དང་གཏམ་བཤད་ཁྲོད་མངོན་པར་བྱེད་དགོས་ལ། ཁྲིམས་ལུགས་དང་ལམ་ལུགས་ཀྱི་ངོས་ནས་གནད་དོན་ཐག་གཅོད་དང་བྱ་བར་བཅོས་སྒྱུར་བྱེད་དགོས། མིག་དཔེ་བསྟན་ནས་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་བྱས་ནས། ལས་གནས་བརྟན་སྲུང་དང་སྤྱོད་གཙང་རང་གཅུན། བྱས་རྗེས་འབུལ་ཐུབ་པ་བཅས་ཀྱི་དམངས་ཆེན་འཐུས་མིའི་སྣང་བརྙན་བཟང་བོ་མངོན་པར་བྱེད་དགོས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་། ། 

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།