ཀྲུང་གོ་བོད་ཀྱི་དྲ་བ།

ལས་རྨས་འགན་བཅོལ་ས་གནས་གཞན་དུ་སྨན་བཅོས་ཐད་ཀར་རྩིས་རྒྱག་ཚོད་ལྟའི་གྲོང་ཁྱེར131ལ་སླེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་ཟླ་དང་པོར་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་དང་། ནོར་སྲིད་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱིས་མཉམ་འབྲེལ་ངང《ལས་རྨས་འགན་བཅོལ་ཞིང་ཆེན་ལས་བརྒལ་བའི་ས་གནས་གཞན་དུ་སྨན་བཅོས་བྱེད་པའི་ཐད་ཐད་ཀར་རྩིས་རྒྱག་ཚོད་ལྟའི་ལས་དོན་སྤེལ་བའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམས་བྱས་ནས་ཟླ4བའི་ཚེས1ཉིན་ནས་བཟུང་གྲོང་ཁྱེར་སྐོར་ཞིག་བདམས་ཏེ། དུས་ཡུན་ལོ་གཅིག་གི་ཚོད་ལྟའི་ལས་དོན་སྤེལ་མགོ་ཚུགས་རྒྱུ་དང་ལས་རྨས་ལས་བཟོའི་སྤྱི་ཚོགས་འགན་སྲུང་གཱ(གློག་རྡུལ་སྤྱི་ཚོགས་འགན་སྲུང་གཱ་)བཟུང་ནས་ཞིང་ཆེན་ལས་བརྒལ་བའི་ས་གནས་གཞན་དུ་སྨན་བཅོས་བྱེད་པའི་ཐད་ཐད་ཀར་རྩིས་རྒྱག་པར་རྒྱབ་སྐྱོར་བྱ་རྒྱུ་རེད།

ཉིན་ཤས་གོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའི་ལས་རྨས་འགན་བཅོལ་སིའི་འབྲེལ་ཡོད་འགན་འཁུར་བས་ཟླ4ཚེས་1ཉིན་རྒྱལ་ཡོངས་ཀྱི་ལས་རྨས་འགན་བཅོལ་གྱི་ས་གནས་གཞན་དུ་སྨན་བཅོས་བྱེད་པའི་ཐད་ཀའི་བསྡོམས་རྩིས་མ་ལག་བདེ་བླག་ངང་དྲ་ཐོག་ཏུ་བཙུགས་པ་དང་། ཚོད་ལྟའི་ལས་དོན་དངོས་སུ་སྤེལ་མགོ་ཚུགས་ནས་ལས་རྨས་འགན་བཅོལ་གྱི་རྒྱལ་ཡོངས་ཀྱི“དྲ་བ་གཅིག”དང་སྨན་བཅོས་ཀྱི“གཅིག་ཀུན་གཱ”བསྐྲུན་ཡོད་ཅེས་བཤད།

མིག་སྔར་རྒྱལ་ཡོངས་སུ་ཚོད་ལྟའི་གྲོང་ཁྱེར131གཏན་འཁེལ་བྱས་པ་དང་ལས་རྨས་སྨན་བཅོས་དང་། ལས་རྨས་བདེ་ཐང་སླར་གསོ་། རམ་འདེགས་ཡོ་བྱད་བཀོད་སྒྲིག་བཅས་ཀྱི་གྲོས་མཐུན་སྒྲིག་གཞི398ཤར་གཏོང་བྱས་ཡོད། ཚོད་ལྟའི་གྲོང་ཁྱེར་གྱི་དགོས་མཁོ་ཡོད་པའི་ལས་རྨས་ལས་བཟོ་པས་གཏན་འབེབས་ལྟར་ཐོ་འགོད་སྙན་སེང་ཞུ་རྒྱུ་དང་། སྤྱི་ཚོགས་འགན་བཅོལ་གཱ་ནམ་གློག་རྡུལ་སྤྱི་ཚོགས་འགན་བཅོལ་གཱ་བཟུང་ཚེ་ཁ་གཏད་ཚོད་ལྟའི་གྲོང་ཁྱེར་གྱི་ཐད་ཀར་བསྡོམས་རྩིས་ཤར་གཏོང་བྱས་པའི་གྲོས་མཐུན་སྒྲིག་གཞིར་འབྲེལ་ཡོད་འགྲོ་གྲོན་ཐད་ཀར་བསྡོམས་རྩིས་བྱེད་ཆོག།

ངོ་སྤྲོད་བྱས་པར་གཞིགས་ན། ཚོད་ལྟ་བྱེད་མགོ་ཚུགས་ཚུན་ས་གནས་སོ་སོའི་འབྲེལ་ཡོད་སྡེ་ཚན་ཁག་དང་གྲོས་མཐུན་སྒྲིག་གཞི་ཁག་གི་ཐུན་མོང་འབད་བརྩོན་འོག་ཚོད་ལྟའི་ལས་དོན་བརྟན་པོའི་ངང་ལག་བསྟར་བྱས། ཚོད་ལྟའི་ལས་དོན་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་དྲ་ཐོག་གྲོས་མཐུན་སྒྲིག་གཞིའི་གྲངས་འབོར་ད་དུང་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་རྒྱུ་རེད། ལས་རྨས་ལས་བཟོའི་ཞིང་ཆེན་ལས་བརྒལ་ནས་ས་ཆ་གཞན་དུ་སྨན་བཅོས་བྱེད་བདེ་ཡོང་ཆེད། འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་དྲ་ཐོག་ཐོ་འགོད་སྙན་ཞུ་དང་ཆ་འཕྲིན་འདྲི་རྩད་ཀྱི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱས། ལས་རྨས་ལས་བཟོས་རྒྱལ་ཁབ་སྤྱི་ཚོགས་འགན་བཅོལ་སྤྱི་པའི་ཞབས་ཞུའི་སྟེགས་བུ་དང་། རྒྱལ་ཡོངས་མི་དམངས་སྤྱི་ཚོགས་འགན་བཅོལ་སྲིད་དོན་ཞབས་ཞུའི་སྟེགས་བུ། གློག་རྡུལ་སྤྱི་ཚོགས་འགན་བཅོལ་གཱ་ལག་ཐོག12333APPསོགས་རྒྱལ་ཡོངས་གཅིག་གྱུར་གྱི་དྲ་ཐོག་ཞབས་ཞུའི་སྒོ་བརྒྱུད་ཐོ་འགོད་སྙན་ཞུ་ཕུལ་ནས་སྨན་བཅོས་ཞིབ་ཕྲ་དང་། ཚོད་ལྟའི་གྲོང་ཁྱེར། གྲོས་མཐུན་སྒྲིག་གཞི། སྤྱི་ཚོགས་འགན་བཅོལ་གཉེར་སྐྱོང་སྒྲིག་གཞི་སོགས་ཀྱི་ཆ་འཕྲིན་འདྲི་རྩད་བྱེད་ཆོག་པ་རེད། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།