ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་ཚུར་སྣང་ཆེན་པོ་བྱུང་།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲུང་ཆིན་དུ་མགོ་འཛིན་མཛད་དེ་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནུབ་རྒྱུད་ས་ཁུལ་དེ་རྒྱལ་ཡོངས་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་སྤྱི་ཡོངས་ཁྲོད་གལ་འགངས་ཧ་ཅང་ཆེ། ཏང་ཀྲུང་དབྱང་གིས་བཏོན་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་ཐོག་མཐའ་བར་གསུམ་དུ་དམ་འཛིན་བྱས་ཏེ་སྲུང་སྐྱོབ་ཆེན་མོ་དང་སྒོ་འབྱེད་ཆེན་མོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྔར་ལས་གྲུབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན།  རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་རྩ་བའི་བསྲུང་བྱར་བྱས་ཏེ་ཡར་རྒྱས་བརྩོན་ལེན་དང་འགན་སྒྲུབ་ཁག་ཁུར། ཡུན་རིང་བྱས་རྗེས་བཞག་ནས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལེའུ་གསར་པ་འབད་པས་འབྲི་ངེས་ཡིན་ཞེས་བསྟན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་རྣམ་པ་གསར་པ་གྲུབ་པར་སྐུལ་འདེད་གཏོང་ཐད་བཀོད་སྒྲིག་བྱས་ཏེ་ལོ་ལྔ་འཁོར་བའི་རིང་ལ། ནུབ་རྒྱུད་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སླར་གསོའི་ཐད་གྲུབ་འབྲས་གལ་ཆེན་བླངས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནུས་པ་མངོན་གསལ་སྒོས་ཇེ་མཐོར་སོང་ལ། སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་རྣམ་པ་མགྱོགས་མྱུར་སྒོས་བསྐྲུན་ཞིང་། རྨང་གཞིའི་སྒྲིག་ཆས་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་བ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་བརྟན་འཇགས་སྒོས་མཐོར་འདེགས་བྱུང་སྟེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་ཁྲོད་ཞུགས་ཡོད་ཅེས་བསྟན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱད་ལྡན་དགེ་མཚན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་གཙོ་རྒོལ་ཁ་ཕྱོགས་སུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་གསར་དར་ཐོན་ལས་འཕེལ་རྒྱས་བཏང་སྟེ་ནུབ་རྒྱུད་ས་ཁུལ་གྱི་ཐོན་ལས་མགྱོགས་མྱུར་སྒོས་ཚུལ་སྒྱུར་རིམ་སྤོར་བྱེད་དགོས་ཞེས་ནན་གྱིས་བསྟན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ནུབ་རྒྱུད་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་བརྟན་པོར་འཛུགས་དགོས་ཞེས་བསྟན། ཉིང་ཞ་ཧྲི་ཙུའེ་རི་བོ་རུ་མའོ་ཝུའུ་སུའུ་འཁོར་རྒྱུག་བྱེ་མའི་བཅོས་སྐྱོང་སྤེལ་བཞིན་ཡོད་པ་དང་། དཔྱིད་ཀ་འདིར། ཉིང་ཞས་མུའུ་ཁྲི་གསུམ་གྱི་ནགས་བསྐྲུན་ཡོངས་འགྲུབ་བྱས། ཀན་སུའུ་ལན་ཀྲི་རུ་གྲོང་ཁྱེར་གྱི་ཆར་ཆུའི་སྦུམ་ལམ་དང་བཙོག་ཆུའི་སྦུག་ལམ་གྱི་ཁག་བགོས་ལས་གཞི་མགྱོགས་མྱུར་སྒོས་སྤེལ་བཞིན་ཡོད་ལ། དེས་རྨ་ཆུའི་ཆུ་སྤུས་བདེ་འཇགས་ལ་སྔར་ལས་འགན་སྲུང་བྱེད་ཐུབ།

སྒོ་འབྱེད་ཆེན་མོར་བརྟེན་ནས་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བ་ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ནུབ་རྒྱུད་ས་ཁུལ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཁྲོད་སིམ་འདྲེས་ཡོང་བར་བྱས་ཏེ་ཁུལ་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ལ་སྔར་ལས་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་སྦྲེལ་མཐུད་བྱེད་པར་ཁྲིད་སྟོན་གནང་ཡོད།   ཀོང་ཞི་རུ་ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་གྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་བཅོ་བརྒྱད་ཀྱི་ལྕགས་ལམ་ས་ཚུགས་བརྒྱ་དང་ཞེ་དགུར་ཁེབས་པ་དང་། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་ཉི་ཤུའི་གྲུ་ཁ་བཞི་བརྒྱ་གོ་དགུར་ཤར་གཏོང་ཐུབ་པའི་འགྲིམ་འགྲུལ་དངོས་རྒྱུག་དྲ་རྒྱ་གྲུབ་པར་བྱས་ཡོད། ཞིན་ཅང་དུ་རང་མོས་ཉོ་ཚོང་ཁུལ་བཙུགས་ནས་ལོ་ཕྱེད་ཙམ་ཡང་མ་འགོར་བའི་རིང་ལ། ཁེ་ལས་ཁྲི་གཉིས་ལྷག་དེར་བཅའ་སྡོད་བྱས་ཡོད།

ནུས་ཁུངས་ཐོན་ཁུངས་སོགས་ཁྱབ་ཁོངས་གཙོ་བོའི་བདེ་འཇགས་འགན་སྲུང་ནུས་པ་མཐོར་འདེགས་གཏོང་བར་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ནུས་ཁུངས་རྟེན་གཞི་སྐོར་ཞིག་སྟོབས་ལྡན་དུ་གཏོང་བ་དང་རྒྱལ་ཁབ་རིམ་པའི་གཏེར་ཁའི་ཐོན་ཁུངས་སྔོག་འདོན་དང་ལས་སྣོན་རྟེན་གཞི་སྐོར་ཞིག་མགྱོགས་མྱུར་གྲུབ་པར་བྱས་ནས། ས་ཁུལ་བརྒལ་བའི་ཐོན་ལས་མཐུན་སྦྱོར་དང་ལེགས་སྒྱུར་བཀོད་སྒྲིག་རྐྱེན་སྲོལ་སོགས་གསར་སྐྲུན་བྱེད་དགོས་ཞེས་བསྟན་ཡོད།

འཕེལ་རྒྱས་ཁྲོད་དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་པ་ནས་མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པའི་བར་དུ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནུབ་རྒྱུད་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཆར་འགོད་གནང་ཡོད། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བསྟན་དོན། ཐོན་ཁུངས་དགེ་མཚན་དང་ཐོན་ལས་རྟེན་གཞི། ཁུལ་གནས་ཆ་རྐྱེན་བཅས་ལ་རྐང་བཙུགས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་དུ་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལེའུ་གསར་པ་འབད་པས་འབྲི་རྒྱུ་ཡིན་ཟེར། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།