ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སྐམ་དམག་དམག་དོན་གསོ་རིག་སློབ་ཆེན་དུ་གཟིགས་ཞིབ་གནང་སྐབས་འཐབ་ར་དང་དམག་དཔུང་། མ་འོངས་པ་བཅས་ལ་ཁ་ཕྱོགས་ནས་འཛམ་གླིང་གི་དམག་དོན་གསོ་རིག་སློབ་ཆེན་རྩེ་གྲ་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ4པའི་ཚེས23ཉིན་སྐམ་དམག་དམག་དོན་གསོ་རིག་སློབ་ཆེན་དུ་ཕེབས་ནས་གཟིགས་ཞིབ་གནང་།  ཁོང་གིས་དུས་རབས་གསར་པའི་སྟོབས་ལྡན་དམག་དཔུང་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་དུས་རབས་གསར་པའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་འཐབ་ར་དང་དམག་དཔུང་། མ་འོངས་པ་བཅས་ལ་ཁ་ཕྱོགས་ནས་སློབ་སྒྲུབ་མི་སྐྱོང་གི་ཆུ་ཚད་དང་འཕྲོད་བསྟེན་ཞབས་ཞུའི་འགན་སྲུང་ནུས་པ་མཐོར་འདེགས་སུ་གཏོང་དགོས་ལ། འཛམ་གླིང་གི་དམག་དོན་གསོ་རིག་སློབ་ཆེན་རྩེ་གྲ་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས་པར་ནན་གྱིས་བསྟན།

སྔ་དྲོའི་དུས་ཚོད9དང་སྐར་མ45ཡས་མས་སུ། ཞི་ཅིན་ཕིང་སྐམ་དམག་དམག་དོན་གསོ་རིག་སློབ་ཆེན་དུ་ཕེབས་ནས་ཐོག་མར་སློབ་ཆེན་གྱི་རྩ་བའི་གནས་ཚུལ་དང་འཐབ་རའི་སྨན་བཅོས་རོགས་སྐྱོབ་བསླབ་ཚན་གཙོ་བོའི་གནས་ཚུལ་ལ་རྒྱུས་ལོན་གནང་ཞིང་། འཐབ་འཁྲུག་རྨས་མའི་མྱུར་སྐྱོབ་སྒྲིག་ཆས་དང་སློབ་མས་སྦྱོང་བརྡར་འཁྲབ་སྟོན་ལ་གཟིགས་ཞིབ་གནང་། སྐམ་དམག་དམག་དོན་གསོ་རིག་སློབ་ཆེན་ལ་འོད་སྟོང་འབར་བའི་ལོ་རྒྱུས་ཡོད་པ་དང་། དུས་ཡུན་རིང་བོའི་སློབ་སྒྲུབ་ལག་ལེན་ཁྲོད་མཐོ་སྒང་དམག་དོན་གསོ་རིག་དང་འཐབ་འཁྲུག་རྨས་མའི་གསོ་རིག འཚིག་རྨས་གསོ་རིག་སོགས་ཀྱི་ཁྱད་ཆོས་དང་དགེ་མཚན་གྲུབ་པར་བྱས་ཡོད། 2017ལོར་ལེགས་སྒྲིག་སྒྲིག་འཛུགས་བྱས་པའི་ཚུན་ལ། སློབ་ཆེན་གྱིས་འཐབ་འཁྲུག་གི་ཆེད་དུ་མི་གསོ་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་དམག་དོན་འཐབ་རྩོད་ཀྱི་འཕྲོད་བསྟེན་ཞབས་ཞུའི་འགན་སྲུང་དང་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་སོགས་ལས་འགན་གལ་ཆེན་རབ་དང་རིམ་པ་བདེ་བླག་ངང་ཡོངས་འགྲུབ་བྱས། ཞི་ཅིན་ཕིང་གིས་སྐམ་དམག་དམག་དོན་གསོ་རིག་སློབ་ཆེན་གྱི་འཛུགས་སྐྲུན་དང་ལས་འགན་ཡོངས་འགྲུབ་བྱས་པའི་གནས་ཚུལ་ལ་ཁས་ལེན་གང་ལེགས་གནང་།

སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ། ཞི་ཅིན་ཕིང་གིས་སྐམ་དམག་དམག་དོན་གསོ་རིག་སློབ་ཆེན་གྱི་དཔོན་དམག་གི་འཐུས་མིར་བརྩེ་བའི་མཇལ་འཕྲད་གནང་བར་མ་ཟད། ཚང་མ་དང་མཉམ་དུ་དྲན་རྟེན་སྐུ་པར་བསྐྱོན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐམ་དམག་དམག་དོན་གསོ་རིག་སློབ་ཆེན་ནི་རང་རེའི་དམག་དཔུང་གི་གསོ་རིག་སློབ་ཆེན་རིགས་ཀྱི་མཐོ་རིམ་སློབ་གསོའི་སློབ་གླིང་ཡིན་ཞིང་། དམག་ཡོངས་ཀྱི་འཕྲོད་བསྟེན་ཞབས་ཞུའི་སྟོབས་ཤུགས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། སྤྱོད་བཟང་ལ་བརྟེན་ནས་མི་སྐྱོང་བ་དང་འཐབ་འཁྲུག་གི་ཆེད་དུ་མི་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་སློབ་གསོ་སློབ་ཁྲིད་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་སྤྱོན་ཡོན་གཉིས་ལྡན་གྱི་དུས་རབས་གསར་པའི་དམག་དཔུང་གི་སྨན་པ་གསོ་སྐྱོང་བྱེད་དགོས། ཁྱད་ཆོས་ལྡན་པའི་གསོ་རིག་ཚན་ཞིབ་གསར་གཏོད་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་སྲོལ་རྒྱུན་དགེ་མཚན་སྲ་བརྟན་དུ་གཏོང་བ། འཕེལ་རྒྱས་ཀྱི་མདུན་ལྗོངས་བརྩོན་ལེན་བྱས་ནས་དམག་དོན་གསོ་རིག་གི་ཡང་རྩེ་བསྙེག་དགོས། འཕྲོད་བསྟེན་ཞབས་ཞུའི་འགན་སྲུང་གི་འཛུགས་སྐྲུན་སོ་སོར་ཤུགས་བསྣན་ནས་དམག་དཔུང་གི་འཐབ་རྩོད་ནུས་པ་དང་དཔོན་དམག་གི་ལུས་སེམས་བདེ་ཐང་ལ་ནུས་ཡོད་སྒོས་ཞབས་འདེགས་བཟང་བོ་ཞུ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུར་ཤུགས་སྣོན་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དམ་འཛིན་བྱེད་པ། སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་བཅོས་སྐྱོང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ཏེ་སློབ་ཆེན་གྱི་ཚད་མཐོའི་གཅིག་སྡུད་གཅིག་གྱུར་དང་དག་གཙང་སྲ་བརྟན་ལ་འགན་སྲུང་བྱེད་དགོས། ཁྲིམས་ལྟར་སློབ་གྲྭ་སྐྱོང་རྒྱུ་དམ་འཛིན་ནན་མོ་བྱེད་པ་དང་སློབ་གསོར་དོ་དམ་ནན་མོ་བྱེད་པ། གཞི་རིམ་དམ་འཛིན་བྱས་ཏེ་རྨང་གཞི་ཇེ་བརྟན་དུ་གཏོང་བའི་བྱ་བ་བཟང་བོར་སྒྲུབ་པ། སློབ་གྲྭ་ཡོངས་ཀྱི་དགེ་རྒན་དང་སློབ་མ། ལས་བཟོ་པ་བཅས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་བརྩོན་སེམས་བསྐྱེད་ནས་སེམས་ཤུགས་གཅིག་བསྡུས་ཀྱིས་སློབ་ཆེན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་དགོས།

ཧོ་ཝེ་ཏུང་བྱེད་སྒོར་ཞུགས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།