ཀྲུང་གོ་བོད་ཀྱི་དྲ་བ།

​ལི་ཆང་གིས་ཀོས་ཀྲོའུ་རུ་རྟོག་ཞིབ་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ4པའི་ཚེས24ཉིན་ཀོས་ཀྲོའུ་རུ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་སྲིད་ཇུས་དང་བྱ་བའི་བྱེད་ཐབས་སོ་སོ་དངོས་འབེབས་བྱེད་པར་དམ་འཛིན་བྱེད་པ་དང་། ཞིང་བའི་འབབ་འཕར་ཕྱུག་སྒྱུར་གྱི་ཐབས་ལམ་རྒྱ་བསྐྱེད་དེ་མུ་མཐུད་དུ་ནང་སྐྱེས་ཐོན་སྐྱེད་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཕན་ནུས་ལྡན་པའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བཏང་ནས་དབུལ་ཐར་མང་ཚོགས་ཀྱི་འཚོ་བ་ལོ་རེ་ལས་ལོ་རེར་ཇེ་བཟང་ཏུ་གཏོང་དགོས།

ཟླ4པའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཀོས་ཀྲོའུ་རུ་རྟོག་ཞིབ་གནང་། འདི་ནི་ལི་ཆང་གིས་ཁའེ་ལི་གྲོང་ཁྱེར་པའེ་གོ་ཅིན་སྲང་ལམ་སི་ཡོན་གཞིས་ཁུལ་གྱི་ལས་ཞུགས་རོགས་སྐྱོར་བཟོ་ཁང་དུ་གནས་སྤོར་མང་ཚོགས་ཀྱི་ལས་ཞུགས་དང་འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པའི་ཚུལ་རེད།

ཁའེ་ལི་གྲོང་ཁྱེར་པའེ་གོ་ཅིན་སྲང་ལམ་སི་ཡོན་གཞིས་ཁུལ་དུ་གནས་སྤོར་མང་ཚོགས་ཁྱིམ་ཚང3000བསྡད་ཡོད། ལི་ཆང་འདིར་ཕེབས་ནས་བཀོད་སྒྲིག་ས་ཚིགས་ཀྱི་གནས་ཚུལ་སྙན་ཞུ་ལ་མཉན་པ་དང་། མང་ཚོགས་ཀྱི་ཁྱིམ་དུ་སོང་ནས་ལས་ཞུགས་རོགས་སྐྱོར་བཟང་དུ་མང་ཚོགས་ཀྱི་ལས་ཞུགས་དང་འཚོ་བ་སོགས་ཀྱི་གནས་ཚུལ་ལ་འདྲི་རྟོག་བྱས་ཤིང་། ས་གནས་ཀྱིས་ཧུར་ཐག་གིས་གནས་སྤོར་མང་ཚོགས་ཀྱི་སྡོད་ཁང་དང་སྨན་བཅོས། བྱིས་སྐྱོང་སོགས་སེམས་ཁྲལ་སེལ་ནས་ཁོ་ཚོ་ཁྱིམ་གཞིས་གསར་བར་འཚོ་སྡོད་བྱེད་དུ་བཅུག་པར་བསྟོད་བསྔགས་བྱས། ལི་ཆང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་མང་ཚོགས་ཀྱི་འཚོ་བར་ཧ་ཅང་ཐུགས་ཁུར་གནང་བཞིན་ཡོད་ལ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བའི་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཡོད། ང་ཚོས་དུས་བཅད་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་དཀའ་སྤྱད་འབད་བརྩོན་གནང་ཡོད་ལ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གང་ལེགས་གཏོང་བར་ད་རུང་མུ་མཐུད་དུ་འབད་བརྩོན་བྱེད་དགོས། ཕྱོགས་སོ་སོའི་འགན་འཁྲི་དངོས་འབེབས་ནན་ཏན་བྱས་ཏེ། རོགས་སྐྱོར་བྱ་བའི་བྱེད་ཤུགས་རྒྱུན་འཁྱོངས་ཀྱིས་སྲིད་ཇུས་སྣ་ཚོགས་འབྲེལ་མཐུད་དང་དངོས་འབེབས་ལེགས་པོ་བྱས་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་འབྱུང་བའི་ཚད་མཐའ་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས། རང་སའི་ལས་ཞུགས་ལས་རྐང་རྒྱ་བསྐྱེད་དང་ཡུལ་གཞན་གྱི་ལས་ཞུགས་ཞབས་ཞུ་ཟུང་སྦྲེལ་བྱེད་པ་བརྒྱུད། གནས་སྤོར་མང་ཚོགས་སྡོད་ཐུབ་དང་ལས་ཞུགས་ཡོད་པ། ཕྱུག་སྒྱུར་ཐུབ་པར་བྱེད་དགོས།

ཟླ4པའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཀོས་ཀྲོའུ་རུ་རྟོག་ཞིབ་གནང་། འདི་ནི་ལི་ཆང་གིས་ཐའེ་ཅང་རྫོང་ཐའེ་ཀུང་སྲང་ལམ་ཧུང་དབྱང་སྡེ་བ་ནས་ཤང་སྡེའི་ལུས་རྩལ་ཐོན་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གནས་ཚུལ་གྱི་སྙན་ཞུར་མཉན་པའི་ཚུལ་རེད།

མ་ཅང་རྫོང་ལན་མུན་ཀུའུ་སྐྱེ་ཁམས་ལན་མའེ་ཐོན་ལས་དཔེ་སྟོན་གླིང་དུ། ལི་ཆང་གིས་ཐོན་སྐྱེད་བཟོ་ཁང་དང་ཐོན་རྫས་འགྲེམ་ཁུལ་ལ་ལྟ་ཞིབ་གནང་བ་དང་། ཞིང་བར་དུ་ཕེབས་ནས་ངལ་རྩོལ་བྱེད་བཞིན་པའི་འདེབས་འཛུགས་མི་སྣ་དང་ཁ་བརྡ་བྱེད་ཞོར་དུ་རྫོང་ཡོངས་ཀྱི་ལན་མའེ་ཐོན་ལས་འཕེལ་རྒྱས་ཀྱིས་ཞིང་ལས་ཡུལ་སྐོར་ལ་སྐུལ་ཁྲིད་མཉམ་འདྲེས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། ཐའེ་ཅང་རྫོང་ཐའེ་ཀུང་སྲང་ལམ་ཧུང་དབྱང་སྡེ་བ་ནས། ལི་ཆང་གིས“སྡེ་བའིBA”འགྲན་བསྡུར་ཐད་གཏོང་ལ་བལྟས་པ་དང་། རིག་གནས་གསར་སྐྲུན་ཐོན་རྫས་ལ་རྟོག་ཞིབ་གནང་ཞིང་། ཤང་སྡེའི་ལུས་རྩལ་ཐོན་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་ཞུར་མཉན་ལ། དབུལ་ཐར་མང་ཚོགས་ལ་འཚམ་འདྲི་བྱས། ལི་ཆང་གིས་ས་གནས་ཐོན་ཁུངས་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་གསོ་སྐྱོང་དང་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་གནང་བའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་གནང་། ཁོང་གིས་བསྟན་དོན། ལས་རིགས་སྣ་གཅིག་སྤེལ་ནས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས། ས་ཁོངས་ཀྱི་ལེགས་ཆར་རྐང་བཙུགས་ཏེ། འཕེལ་རྒྱས་ཀྱི་བསམ་བློར་བརྟེན་ནས་ཐབས་ལམ་སྣ་ཚོགས་དང་བྱེད་ཐབས་གསར་སྐྲུན་གྱིས་སྤྲོ་གསེང་ཡུལ་སྐོར་དང་མང་ཚོགས་ལུས་རྩལ། དམངས་སྲོལ་རིག་གནས་རོལ་མྱོང་སོགས་འཕེལ་རྒྱས་གཏོང་བ་དང་། ཤང་སྡེའི་དཔལ་འབྱོར་གྱི་ལས་རྣམ་གསར་བ་དང་ཁྱད་ཆོས་གསར་བ་གསོ་སྐྱོང་བྱེད་དགོས། སྤུས་ཀས་ཚོང་རྟགས་བསྐྲུན་ནས་ཞིང་ལས་ཐོན་ལས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་དང་ཟུར་སྣོན་རིན་ཐང་མཐོར་འདེགས་སུ་གཏོང་དགོས། ཤང་སྡེའི་རིག་གནས་ལུས་རྩལ་བྱ་འགུལ་སྤེལ་བར་གསར་སྐྲུན་བྱས་ཏེ། ཞིང་བ་མང་ཚོགས་ལ་ཡོང་སྒོ་ཇེ་མང་དུ་གཏོང་བ་དང་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།

ཐའེ་ཆང་རྫོང་འབྲིམ་རིམ་ལས་རིགས་སློབ་གྲྭ་ནས་ལི་ཆང་གིས་ཇ་རྩལ་དང་ཆང་སྦྱོར་དངོས་སྦྱོང་ཁང་དང་དངོས་མིན་ཤུལ་བཞག་རོལ་མྱོང་ལྟེ་གནས་སུ་རྟོག་ཞིབ་གནང་ལ། ཐོན་སློབ་མཉམ་འདྲེས་རྟེན་གཞིར་ལྟ་སྐོར་གནང་ནས། སློབ་གསོའི་རོགས་སྐྱོར་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས། སློབ་མའི་ལས་ཞུགས་གནས་ཚུལ་ལ་རྒྱུས་ལོན་གནང་བ་མ་ཟད་དགེ་སློབ་དང་བརྗེ་རེས་གནང་། ལི་ཆང་གིས་བསྟན་དོན། རྒྱུད་ལ་ལག་རྩལ་སྣ་གཅིག་འབྱོར་བར་བྱས་ཏེ་ལས་ཞུགས་ནུས་པ་མཐོར་འདེགས་སུ་གཏོང་བ་ནི་དབུལ་ཐར་ཕྱུག་སྒྱུར་གྱི་གནད་འགག་ཡིན། ཤུགས་ཆེན་པོས་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཤར་ནུབ་རྒྱུད་མཐུན་སྦྱོར་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་སོགས་ཀྱི་ལམ་སྲོལ་བེད་སྤྱོད་གང་ལེགས་བྱས་ཏེ། གནད་ཁེལ་ངང་ཚོང་རའི་དགོས་མཁོར་འབྲེལ་མཐུད་བྱེད་པ་དང་། དུས་ལྟར་དངོས་སྦྱོང་ནང་དོན་གསར་སྒྱུར་གྱིས་སྔར་ལས་མང་བའི་རྩལ་ནུས་ཅན་གྱི་འཇོན་མི་གསོ་སྐྱོང་བྱེད་པ་དང་། ཁོ་ཚོས་རང་ཉིད་ཀྱི་འཇོན་ནུས་ལ་བརྟེན་ནས་དཀའ་སྤྱད་འབད་བརྩོན་སྒོས་མཛེས་སྡུག་འཚོ་བ་གསར་སྐྲུན་བྱེད་དུ་འཇུག་དགོས།

ལི་ཆང་གིས་ཀོས་ཀྲོའུ་ཡི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་གདེང་འཇོག་ལེགས་པོ་གནང་ཞིང་། ཀོས་ཀྲོའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་སྟེང་གི་གསུང་བཤད་གལ་ཆེན་དང་ཀོས་ཀྲོའུ་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དངོས་འབེབས་གཏིང་ཟབ་བྱས་ནས། ལེགས་ཆ་འདོན་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱིས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལེའུ་གསར་བ་རྩོམ་པར་སྔར་ལས་ཆེ་བའི་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།

ཝུའུ་ཀྲིན་ལུང་གིས་རྟོག་ཞིབ་ལ་ཕེབས་རོགས་གནང་། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།