ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྨན་བཅོས་ཨང་བཤེར་སྤྱོད་མཁན་མི་དུང་ཕྱུར11.2ལས་བརྒལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་འཆར་འགོད་ནོར་སྲིད་འཆར་གཞི་སིའི་སི་ཀྲང་གཞོན་པ་ཞེ་ཀྲང་ཕིན་གྱིས་ཚེས23ཉིན་རྒྱལ་ཡོངས་རིག་ནུས་སྨན་བཅོས་འགྲན་བསྡུར་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་མཚམས་སྦྱོར་བྱེད་རྒྱུར། མིག་སྔར་རྒྱལ་ཡོངས་སྨན་བཅོས་ཨང་བཤེར་སྤྱོད་མཁན་མི་དུང་ཕྱུར11.2ལས་བརྒལ་བ་དང་། ངེས་གཏན་སྨན་བཅོས་ལས་ཁུངས་ཁྲི80ཡན་ལ་སྦྲེལ་བ་དང་། བསྡོམས་པས་སྨན་བཅོས་འགྲོ་གྲོན་སྒོར་དུང་ཕྱུར60རྩིས་ཞུ་བྱས་ཡོད།

མིག་སྔར། སྨན་བཅོས་ཨང་བཤེར་དེ་ཐོ་འགོད་དང་བརྟག་བཅོས། བརྟག་བཤེར། སྙན་ཞུ་རྩད་འདྲི། སྨན་རྫས་ལེན་པ་སོགས་གོ་རིམ་ཧྲིལ་བོར་བེད་སྤྱོད་བྱེད་བཞིན་ཡོད་པ་དང་། གྲལ་སྒྲིག་སོགས་དུས་ཚོད་ཇེ་ཉུང་དུ་བཏང་སྟེ། སྨན་བཅོས་བརྟག་བཤེར་གྱི་ཕན་ནུས་ཇེ་མཐོར་བཏང་། 

མང་ཚོགས་ཀྱིས་སྨན་བཅོས་དང་སྨན་བཅོས་དགོས་མཁོར་གཞིགས་ཏེ། རྒྱལ་ཁབ་སྨན་བཅོས་ཞབས་ཞུ་སྟེགས་བུས་སྨན་བཅོས་འགན་སྲུང་ཨང་བཤེར་དང་ཞིང་ཆེན་བརྒལ་བའི་སྨན་བཅོས་ཐོ་འགོད། སྨན་བཅོས་འགན་སྲུང་ཆ་འཕྲིན་ཞིབ་བཤེར། སྨན་བཅོས་འགན་སྲུང་སྤོ་སྒུལ་རྩིས་སྤྲོད། ས་གནས་ཁྱད་ཆོས་ཞབས་ཞུ་ཆེད་ཁུལ་སོགས་ཞབས་ཞུའི་རྣམ་པ་བཙུགས་ཏེ། སྨན་བཅོས་འགན་སྲུང་ལ་ཞུགས་པའི་མང་ཚོགས་ལ་ཆ་འཕྲིན་རྩད་འདྲི་དང་ལས་སྒོ་སྒྲུབ་གཉེར། ཐོབ་ཐང་སྙན་ཞུ་སོགས་དྲ་ཐོག་ཕྱོགས་བསྡུས་ཞབས་ཞུ་འདོན་སྤྲོད་བྱས་ཡོད།

རྒྱལ་ཁབ་སྨན་བཅོས་འགན་སྲུང་ཞབས་ཞུ་སྟེགས་བུའི་དངོས་མིང་སྤྱོད་མཁན་མི་དུང་ཕྱུར4.5ཡོད་པ་དང་། ས་གནས་ཆེད་ཁུལ32སྤྱོད་བཞིན་ཡོད་ལ། ཞབས་ཞུ་ནུས་པ་སྣ100ལྷག་ལ་ཁྱབ་ཡོད་ཅེས་ཞེ་ཀྲང་ཕིན་གྱིས་མཚམས་སྦྱོར་བྱས་ཤིང་། 2022ལོའི་ཟླ3པའི་ཟླ་མཇུག་ཏུ་ཕྱོགས་ཡོངས་ནས་རྒྱལ་ཡོངས་གཅིག་གྱུར་གྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་སྟེགས་བུ་བཙུགས་ཟིན་ལ། ངེས་གནས་སྨན་བཅོས་ལས་ཁུངས་ཁྲི40ལྷག་དང་ངེས་གནས་སྨན་རྫས་ཚོང་ཁང་ཁྲི40ལྷག་ལ་སྦྲེལ་ནས་སྨན་བཅོས་འགན་སྲུང་མི་སྣ་དུང་ཕྱུར13.4ལ་ཁྱབ་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།