ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲ་འཕྲིན་གཞུང་སྒྲུབ་ཁང་གིས་ཆེད་དོན་འགུལ་སྐྱོད་སྤེལ་ཏེ་རང་གཉེར་སྨྱན་བྱད་གྱིས་བཞུར་ཚད་ཚད་མེད་གཉེར་བར་བཅོས་སྐྱོང་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས23ཉིན་གསར་འགོད་པས་ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་ནས་རྒྱུས་ལོན་པ་ལྟར་ན། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས་ཉེ་སྔོན་བརྡ་སྦྱོར་བཏང་ནས། རྒྱལ་ཡོངས་ཀྱི་མངའ་ཁོངས་སུ་དུས་ཡུན་ཟླ་གཉིས་ཀྱི་རང་གཉེར་སྨྱན་བྱད་གྱིས་བཞུར་ཚད་ཚད་མེད་གཉེར་བར་བཅོས་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་བ་དང་། རང་གཉེར་སྨྱན་བྱད་ཀྱིས་ཚད་མེད་ངང་བཞུར་ཚད་བརྩོན་ལེན་བྱེད་པར་དམིགས་ཏེ། རྫུན་གཏམ་དང་དོན་དངོས་མིན་པའི་ཆ་འཕྲིན་སྣ་ཚོགས་བཟོ་བ་སོགས་ཀྱི་འབུར་ཐོན་གནད་དོན་ལ་གཞིགས་ནས་གཟབ་ནན་ངང་སྤྱི་བའི་ཁེ་ཕན་ལ་མཐོང་ཆུང་དང་སྤྱི་བའི་སྒྲིག་ལམ་གུས་སྲོལ་ལ་འགལ་བ། སྤྱི་བའི་སྒྲིག་ལམ་ལ་གཏོར་བརླག་བྱེད་པ་བཅས་ལ་བཅོས་སྐྱོང་བྱས་ཏེ། བཞུར་ཚད་ཀྱི་ཆེད་དུ་ཐབས་ལམ་སྣ་ཚོགས་བཀོལ་བ་དང་ཚད་མཐའ་དོར་བའི་རང་གཉེར་སྨྱན་བྱད་ལ་བཅོས་སྐྱོང་བྱས།

བརྡ་སྦྱོར་ལས་བསྟན་དོན། ཆེད་དོན་འགུལ་སྐྱོད་ཀྱི་བཅོས་སྐྱོང་བྱེད་པའི་གཙོ་གནད་གནད་དོན་ལ། རང་ཁྲིད་རང་འཁྲབ་རྣམ་པའི་འཁྲབ་སྟོན་རྫུན་མ་དང་ཐབས་ལམ་སྣ་ཚོགས་ཀྱིས་སྤྱི་ཚོགས་དོ་སྣང་ཐོབ་པར་བྱེད་པ། བྱེ་བྲག་གིས་སྤྱི་ཡོངས་ཀྱི་གླེང་གཞི་བཟོ་བ། སྤྱི་བའི་སྒྲིག་ལམ་གུས་སྲོལ་ལ་འགལ་བའི་མི་སྣ་འཛུགས་པ། འཆལ་སྤྱོད་ཀྱི་གསར་འགྱུར་སྣ་ཚོགས་སྤེལ་བ་སོགས་ཡིན།

བརྡ་སྦྱོར་གྱིས་བརྙན་ཐུང་དང་ཐད་གཏོང་སྟེགས་བུས་རྫུན་བཟོའི་ཆ་འཕྲིན་གྱི་དབྱེ་འབྱེད་དང་གཙང་སེལ་བྱེད་ཤུགས་ཇེ་ཆེར་བཏང་ནས། སྤྱི་བའི་སྒྲིག་ལམ་གུས་སྲོལ་དང་འགལ་བའི་མི་སྣ་བཟོ་བ་སོགས་ཀྱི་རང་གཉེར་སྨྱན་བྱད་རྩིས་ཐོར་གཟབ་ནན་ངང་ཐག་གཅོད་བྱེད་དགོས། སྟེགས་བུས་ཁེ་གཉེར་ཁེ་དབང་གི་རྩིས་ཐོ་འཛུགས་པར་སྤྱི་དམངས་ཐོབ་ཐང་ཨང་གྲངས་སོགས་དོན་དངོས་ཀྱི་ཐོབ་ཐང་ཆ་འཕྲིན་ངོས་ལེན་ལ་ནན་ཏན་བྱེད་དགོས། དུས་མཚུངས་སུ་བཞུར་ཚད་དོ་དམ་བྱེད་ཐབས་འཐུས་ཚང་དུ་བཏང་ནས། ཚད་མཐའ་མེད་པར་བཞུར་ཚད་བརྩོན་ལེན་བྱེད་པའི་དོགས་ཡོད་ཆ་འཕྲིན་ལ་ངེས་པར་དུ་སྔོན་ལ་བཞུར་ཚད་ཚད་བཀག་བྱེད་ཐབས་སྤྱོད་དགོས་པ་མ་ཟད། གནས་བབ་ལ་བསྟུན་ནས་གནས་སྐབས་དཔྱད་གཏམ་སྤེལ་བ་དང་མོས་སྡེབ་སོགས་ཀྱི་བརྗེ་རེས་གཞི་གྲངས་འཕར་ཚད་མཚམས་འཇོག་དགོས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།