ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཆང་གིས་འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས16ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ། འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་ཡིས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱས་པར་སྣེ་ལེན་མཛད་སྒོ་བསྡུས།

སྣེ་ལེན་མཛད་སྒོའི་རྗེས་སུ། ལི་ཆང་གིས་ཧྲའོ་ཨར་ཚི་དང་གྲོས་མོལ་གནང་།

ལི་ཆང་གིས་ད་ལོ་ནི་ཀྲུང་གོ་དང་འཇར་མན་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ10འཁོར་བའི་ལོ་ཡིན། ཕྱོགས་གཉིས་ཀས་མཉམ་དུ་འབད་བརྩོན་བྱས་པར་བརྟེན། གཞི་ནས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་སྤྱི་ཡོངས་ནས་བརྟན་པོ་ཡིན་ལ། ཕན་ཚུན་བར་གྱི་གྲོས་མོལ་དང་མཉམ་ལས་ཐད་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེ་རིང་སྔ་དྲོར་སྐུ་ཞབས་ཙུང་ལི་ལ་མཇལ་འཕྲད་གནང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་མུ་མཐུད་འབད་བརྩོན་བྱས་ཏེ། གྲོས་མོལ་དངོས་ཀྱི་ཁྲོད་ནས་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་ཡིད་ཆེས་ཟབ་སྤེལ་བྱེད་རྒྱུ་དང་། མཉམ་ལས་དངོས་ཀྱི་ཁྲོད་ནས་གཉིས་ཕན་གཉིས་རྒྱལ་མངོན་འགྱུར་བྱས་ཏེ། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱེད་རྒྱུ་དང་། གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ལི་ཆང་གིས་ཕྱོགས་གཉིས་ཀས་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་གྲོས་མོལ་སོགས་རིམ་པ་སོ་སོའི་གྲོས་མོལ་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མཉམ་ལས་ཁག་ལ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། ཕྱོགས་གཉིས་ཀའི་ཚོང་དོན་སྔར་ལས་ཇེ་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། ནུས་ཁུངས་གསར་པའི་རླངས་འཁོར་སོགས་མཉམ་ལས་འཕར་གཞི་གསར་པ་བསྐྲུན་རྒྱུ་དང་། མི་སྣ་འགྲོ་འོང་གི་ཚད་སྔར་ལས་ཇེ་མང་དུ་གཏོང་བ། ས་གནས་དང་རིག་གནས་ལུས་རྩལ། ཚན་རིག་སློབ་གསོ་སོགས་ཀྱི་བརྗེ་རེས་མཉམ་ལས་ལ་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་སོགས་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཀྲུང་གོ་རུ་མ་དངུལ་གཏོང་བ་དང་ལས་གཉེར་བྱ་རྒྱུར་མུ་མཐུད་ཚོང་གཉེར་ཁོར་ཡུག་སྔར་ལས་གང་ལེགས་མཁོ་འདོན་བྱེད་རྒྱུ་ཡིན། འཇར་མན་ཕྱོགས་ཀྱིས་ལག་རྩལ་མཐོ་བའི་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱེད་པའི་ཚོད་འཛིན་ཞི་ལྷོད་དུ་བཏང་ནས་བྱེད་ཐབས་དོན་ལྡན་སྤྱད་དེ། འཇར་མན་གྱི་ཀྲུང་གོའི་དངུལ་གཏོང་ཁེ་ལས་ལ་དྲང་གཞག་དང་མངོན་གསལ། མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད། ཚོང་རའི་མིག་རྒྱང་དང་འཛམ་གླིང་ཧྲིལ་པོའི་མིག་རྒྱང་ལ་བརྟེན་ནས་དཔལ་འབྱོར་ཆོས་ཉིད་ལ་དམ་པོར་དམིགས་ཏེ། ཐོན་སྐྱེད་ནུས་པའི་གནད་དོན་ལ་ལུགས་མཐུན་དང་རྩོད་སྒྲུབ་ཀྱི་ལྟ་སྟངས་འཛིན་དགོས། ཡོ་རོབ་ཕྱོགས་ཀྱིས་ཁྲོམ་ར་ཅན་དང་དྲང་གཞག་གི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཚོང་དོན་རྒུད་སྐྱོབ་བྱེད་ཐབས་གཟབ་ནན་ངང་སྤྱོད་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།

ཧྲའོ་ཨར་ཚི་ཡིས་ཀྲུང་གོ་ནི་འཇར་མན་གྱི་མཉམ་ལས་ཟླ་གྲོགས་གལ་ཆེན་ཞིག་ཡིན། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཕན་ཚུན་བར་གྱི་གྲོས་མོལ་དང་འབྲེལ་གཏུག་ལ་ཤུགས་སྣོན་རྒྱུ་དང་། དངོས་སྒྲུབ་མཉམ་ལས་ཟབ་སྤེལ་བྱེད་པ། མི་གཞུང་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་བ། གནམ་གཤིས་འགྱུར་ལྡོག་སོགས་འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་ཏེ། འཇར་མན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། འཇར་མན་ཕྱོགས་ཀྱིས་ཚོང་དོན་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། དྲང་གཞག་གི་འགྲན་རྩོད་ཀྱི་ཁོར་ཡུག་བསྐྲུན་འདོད་ཡོད་ཅེས་བསྟན།

ཕྱོགས་གཉིས་ཀ་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་རེས་སྐོར་བདུན་པའི་གྲོས་མོལ་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ནས། དཔལ་འབྱོར་ཚོང་དོན་དང་དངུལ་གཏོང་། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མུ་མཐུད་ཟབ་སྤེལ་གཏོང་རྒྱུར་མོས་མཐུན་བྱུང་།

ཝུའུ་ཀྲིན་ལུང་གོང་གསལ་བྱ་འགུལ་ལ་ཞུགས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།