ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཅིན་ཧའེ་ཕིན་ལ“དམིགས་བསལ་རིམ་པའི་མཁའ་སྐྱོད་བྱས་རྗེས་གཟེངས་རྟགས”སྤྲོད་པ་སོགས་ཀྱི་སྐོར་གྱི་གཏན་འབེབས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཅིན་ཧའེ་ཕིན་ལ“དམིགས་བསལ་རིམ་པའི་མཁའ་སྐྱོད་བྱས་རྗེས་གཟེངས་རྟགས”སྤྲོད་པ་དང་། ཀྲུའུ་དབྱང་ཀྲུའུ་དང་ཀུའེ་ཧའེ་ཁྲའོ་ལ“མཁའ་སྐྱོད་དཔའ་བོའི”གཟི་བརྗིད་མཚན་སྙན་གནང་རྒྱུ་མ་ཟད།

“རིམ་པ་གསུམ་པའི་འཇིག་རྟེན་མཁའ་སྐྱོད་བྱས་རྗེས་གཟེངས་རྟགས”སྤྲོད་པའི་སྐོར་གྱི་གཏན་འབེབས།

(2024ལོའི་ཟླ4བའི་ཚེས18ཉིན)

2023ལོའི་ཟླ5པའི་ཚེས30ཉིན། ལྷ་གྲུ་བཅུ་དྲུག་པའི་མི་སྡོད་འཕུར་གྲུ་བདེ་བླག་ངང་འཕེན་གཏོང་བྱས་པ་དང་། མཁའ་སྐྱོད་པ་ཅིན་ཧའེ་ཕིན་དང་ཀྲུའུ་དབྱང་ཀྲུའུ། ཀུའེ་ཧའེ་ཁྲའོ་བཅས་འཕུར་གྲུའི་ནང་བསྡད་དེ་བར་སྣང་གི་གྲུ་ཁང་དུ་བདེ་བླག་ངང་བཅའ་སྡོད་བྱེད་ཐུབ་པ་བྱུང་ཞིང་། བར་སྣང་ས་ཚིགས་ནས་དུས་ཡུན་ཟླ་ལྔ་ལ་བསྡད་པའི་རིང་ལ། སྔ་རྗེས་སུ་བར་སྣང་གྲུ་ཁང་ནས་སྒོར་བུད་དེ་བྱེད་སྒོ་ཐེངས་གཅིག་དང་བར་སྣང་སློབ་ཁྲིད་ཐེངས་གཅིག་བྱས་ལ། བར་སྣང་ཚན་རིག་ཚོད་ལྟ་དང་ཉེར་སྤྱོད་ལྗིད་ཐེག་འཁོར་ལམ་སྟེང་གི་དངོས་བཤེར་ཚོད་ལྟ་རབ་དང་རིམ་པ་བྱས་པར་མ་ཟད། བར་སྣང་ས་ཚིགས་ཀྱི“གྲུ་ཤག་གསུམ་དང་གྲུ་གཟིངས་གསུམ”གྱི་གྲུབ་ཚུལ་འོག་གི་སྟེགས་བུའི་དོ་དམ་ལྟ་རྟོག་ལེགས་འགྲུབ་བྱུང་རྗེས། 2023ལོའི་ཟླ10པའི་ཚེས31ཉིན་བདེ་འཇགས་ངང་ཕྱིར་ལོག འཕུར་གྲུའི་ཁ་ལོ་པ་དང་མཁའ་སྐྱོད་བཟོ་སྐྲུན་པ། ཐེག་ཚད་ཆེད་མཁས་པ་བཅས་རིགས་གསུམ་གྱི་མཁའ་སྐྱོད་པས་མཉམ་དུ་ལས་འགན་བསྒྲུབས་པ་དེའི་སྟེང་ནས། ཀྲུང་གོའི་མཁའ་སྐྱོད་བྱ་གཞག་གིས་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ཐད་གོམ་སྟབས་གསར་པ་སྤོས་པ་དང་། མཁའ་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ལྡན་གང་མགྱོགས་ཀྱིས་བསྐྲུན་པའི་ཐད་ཐོད་བརྒལ་གསར་པ་མངོན་འགྱུར་བྱུང་བ་ཀུན་ནས་མཚོན་ཐུབ། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་ཇེ་ཆེར་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་ཇེ་ཆེར་གཏོང་བ། ཏང་ཡོངས་དང་དམག་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་འཐབ་སེམས་སྔར་ལས་རྒྱས་པར་བྱེད་པ་དང་མཐུན་སྒྲིལ་འབད་བརྩོན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་པར་དོན་སྙིང་གལ་ཆེན་ལྡན།

ལྷ་གྲུ་བཅུ་དྲུག་པའི་མི་སྡོད་མཁའ་སྐྱོད་ལས་འགན་ལེགས་འགྲུབ་བྱུང་བ་དེའི་སྟེང་རྒྱ་ཆེའི་ཚན་རྩལ་ལས་དོན་པ་དང་འཇིག་རྟེན་འཕུར་སྐྱོད་པ། ལས་བྱེད་ལས་བཟོ་པ། བཅིངས་འགྲོལ་དམག་གི་བཀོད་འདོམས་པ་བཅས་ཀྱི་བློ་གྲོས་དང་སེམས་ཤུགས་འདུས་ཡོད། བློ་མཐུན་ཅིན་ཧའེ་ཕིན་དང་ཀྲུའུ་ཡུང་ཀྲུའུ། ཀུའེ་ཧེ་ཁྲའོ་བཅས་ནི་དེའི་ནང་གི་ཕུལ་བྱུང་འཐུས་མི་ཡིན་པ་དང་། ཁོ་ཚོས་དམ་བཅས་པ་བཞིན་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་རང་འཁྲིའི་ལས་འགན་ལ་ལྷག་བསམ་ཟོལ་མེད་ཡིན་པ། དཀའ་ངལ་དང་ཉེན་ཁ་མི་སྐྲག་པ། མཐུན་སྒྲིལ་མཉམ་ལས་བཅས་བྱས་ནས། འཛམ་གླིང་ལ་ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་སྟོབས་ཤུགས་ཆེན་པོ་བསྟན་ཡོད། བློ་མཐུན་ཅིན་ཧའེ་ཕིན་གྱིས་མི་སྡོད་འཕུར་སྐྱོད་ལས་འགན་ཐེངས་བཞི་བསྒྲུབས་པ་དང་བཀའ་བཀོད་དཔོན་གྱི་འགན་ཐེངས་གསུམ་ལ་ཁུར་ནས། མི་སྡོད་མཁའ་སྐྱོད་ལས་འགན་སྒྲུབ་ཐེངས་ཆེས་མང་ཤོས་ཀྱི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པར་གྱུར་ཡོད། བློ་མཐུན་ཀྲུའུ་དབྱང་ཀྲུའུ་ཡིས་བློ་ཐག་རྦད་ཆོད་དང་འགྲན་སློང་བྱེད་ཕོད་པ། ཞིབ་ཚགས་གཟབ་ནན་གྱི་སྒོ་ནས་བཀོལ་སྤྱོད་བཅས་བྱས་པའི་དབང་གིས། རང་རྒྱལ་གྱི་མི་སྡོད་འཕུར་སྐྱོད་ལས་འགན་སྒྲུབ་མཁན་དང་། གྲུ་ཁང་ནས་སྒོར་བུད་དེ་བྱེད་སྒོ་སྤེལ་མཁན་གྱི་མཁའ་སྐྱོད་པ་དང་བཟོ་སྐྲུན་པ་ཆེ་མོ་རུ་གྱུར་ཡོད། བློ་མཐུན་ཀུའེ་ཧའེ་ཁྲའོ་ཡིས་དཀའ་སྤྱད་སྦྱོང་བརྡར་བྱས་པ་དང་དཔྱད་ཞིབ་མང་པོ་བྱས་པ་བརྒྱུད། གཞི་ནས་གཟི་བརྗིད་ལྡན་པའི་སྒོ་ནས་ལྷ་གྲུ་བཅུ་དྲུག་པའི་མི་སྡོད་ཚོ་ཆུང་ནང་བདམས་པ་དང་། རང་རྒྱལ་གྱི་མི་སྡོད་མཁའ་སྐྱོད་ལས་འགན་སྒྲུབ་པའི་ཐེག་ཚད་ཆེད་མཁས་པ་ཐོག་མ་རུ་གྱུར།  ཁོ་ཚོས་རང་རྒྱལ་གྱི་མི་སྡོད་མཁའ་སྐྱོད་བྱ་གཞག་ལ་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པར་སྐུལ་ལྕག་གཏོང་ཆེད། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་བློ་མཐུན་ཅིན་ཧའེ་ཕིན་ལ“དམིགས་བསལ་རིམ་པའི་མཁའ་སྐྱོད་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུ་དང་། བློ་མཐུན་ཀྲུའུ་དབྱང་ཀྲུའུ་དང་ཀུའེ་ཧའེ་ཁྲའོ་ལ“མཁའ་སྐྱོད་དཔའ་བོའི”མཚན་སྙན་གནང་རྒྱུ་མ་ཟད། “རིམ་པ་གསུམ་པའི་མཁའ་སྐྱོད་བྱས་རྗེས་གཟེངས་རྟགས”སྤྲོད་རྒྱུ་གཏན་འབེབས་བྱས།

བློ་མཐུན་ཅིན་ཧའེ་ཕིན་དང་ཀྲུའུ་དབྱང་ཀྲུའུ། ཀུའེ་ཧའེ་ཁྲའོ་བཅས་ནི་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ། བླ་ན་མེད་པའི་བྱ་གཞག་གི་ཆེད་དུ་རང་སྲོག་བློས་གཏོང་མཁན་གྱི་དུས་རབས་ཀྱི་གདོང་ལེན་པ་ཡིན་ལ། ཁོ་ཚོ་ནི་འཇིག་རྟེན་འཚོལ་ཞིབ་དང་བར་སྣང་ཁམས་ནས་ཕུགས་འདུན་འཚོལ་བ། མཁའ་སྐྱོད་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བཅས་བྱེད་པའི་མིག་དཔེ་ཡིན། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་དམག་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ་དང་། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ། “ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་པ་བཅས་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་མི་སྡོད་མཁའ་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཆེན་པོ་གཏོང་དགོས།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།