ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་སྐོར་ཐེངས་གསུམ་པའི་སྐོར་ཞིབ་ཚན་ཁག་གཏན་འཁེལ་སྡོད་གནས་སུ་བསྡད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐོར་ཞིབ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར་ན། ཟླ4པའི་ཚེས17ཉིན་བར་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་སྐོར་ཐེངས་གསུམ་པའི་སྐོར་ཞིབ་ཚན་ཁག་གཏན་འཁེལ་སྡོད་གནས་སུ་བསྡད་ཚར། སྐོར་ཞིབ་ཚན་ཁག15ཡིས་དཔལ་འབྱོར་ལས་དོན་སྡེ་ཁག་དང་དངུལ་རྩའི་ལས་ཁུངས34ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱ་རྒྱུ་རེད།

སྐོར་ཞིབ་བྱ་ཡུལ་ལས་ཁུངས་ཀྱིས་སོ་སོར་སྐོར་ཞིབ་བྱེད་མགོ་རྩོམ་པའི་སྐུལ་སློང་ཚོགས་འདུ་བསྡུས། ཀྲུང་དབྱང་སྐོར་ཞིབ་ཚན་ཁག་སོ་སོའི་ཚན་གཙོ་ཡིས་སྐུལ་སློང་གཏམ་བཤད་སྤེལ་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སྐོར་ཞིབ་ལས་དོན་ཏན་ཏིག་ངང་སྤེལ་བར་བླང་བྱ་བཏོན།

ཀྲུང་དབྱང་སྐོར་ཞིབ་ཚན་ཁག་སོ་སོའི་ཚན་གཙོ་ཡིས་སྐོར་ཞིབ་ནི་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ཅིག་ཡིན། ཀྲུང་དབྱང་སྐོར་ཞིབ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ནན་ཏན་གྱིས་གསར་དུ་བཟོ་བཅོས་བརྒྱབ་པའི་སྐོར་ཞིབ་བྱ་བའི་སྲོལ་ཡིག་ལག་ལེན་མཐར་ཕྱིན་བྱེད་པ། ཆབ་སྲིད་སྐོར་ཞིབ་ཀྱི་གནས་བབ་བརྟན་སྲུང་བྱེད་པ། སྐོར་ཞིབ་བྱ་བའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་བཅས་བྱས་ནས“སྲུང་སྐྱོང་གཉིས”རྩ་བའི་ལས་འགན་དུ་བཟུང་སྟེ་ཆབ་སྲིད་ལྟ་སྐུལ་ལ་མུ་མཐུད་དུ་ཤུགས་སྣོན་རྒྱུ་ཡིན་ལ། ལྟེ་གནས་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་སྲིད་དོན་ཆེན་པོ་དང་བྱེད་ཕྱོགས་དོན་འཁྱོལ་བྱས་ཚུལ་ལ་དམིགས་ནས། དབང་ཆ་དང་འགན་འཁྲི་ལ་དོ་སྣང་དམ་པོ་བྱས་ཏེ“མགོ་ཁྲིད་པ་དང་པོར”ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། སྐོར་ཞིབ་དག་ཐེར་བྱེད་ཤུགས་ཇེ་ཆེར་གཏོང་བ་སོགས་ཀྱི་ཐད་གཅིག་བསྡུས་ཀྱིས་ཤུགས་བསྣན་ཏེ། གཟབ་ནན་གྱི་རྩ་བའི་གཞི་གདངས་དང་བྱེད་ཐབས་ནན་མོ། གཟབ་ནན་གྱི་རྣམ་པ་བཅས་འགོ་ནས་མཇུག་བར་དུ་རྒྱུན་འཁྱོངས་བྱས་ནས་ཆབ་སྲིད་སྐོར་ཞིབ་ནུས་ལྡན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱ་རྒྱུ་ཡིན་ཞེས་བསྟན།

ཀྲུང་དབྱང་སྐོར་ཞིབ་ཚན་ཁག་སོ་སོའི་ཚན་གཙོས་དཔལ་འབྱོར་ལས་དོན་སྡེ་ཁག་དང་དངུལ་རྩའི་ལས་ཁུངས་ལ་སྐོར་ཞིབ་བྱེད་པའི་གཙོ་གནད་ཁོང་དུ་ཡང་དག་པར་ཆུད་པར་བྱས་ཏེ། སྐོར་ཞིབ་བྱ་ཡུལ་གྱི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་དོན་འཁྱོལ་བྱེད་པ་དང་། འགན་ནུས་དང་འགན་འཁྲི་སྒྲུབ་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཉེན་ཁ་ཚབས་ཆེན་འགོག་སེལ་བྱེད་པ། སྒྱུར་བཅོས་ཟབ་སྤེལ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ། མགོ་ཁྲིད་ཚན་ཁག་དང་ལས་བྱེད་ཤེས་ལྡན་མི་སྣའི་དཔུང་སྡེ། གཞི་རིམ་ཏང་རྩ་འཛུགས་བཅས་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་པ་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། ཆབ་སྲིད་ཀྱི་ནོར་འཛོལ་འཚོལ་ཞིབ་གཏིང་ཟབ་བྱེད་པ་དང་གནད་དོན་མངོན་གསལ་ཐག་གཅོད་པར་སྐུལ་འདེད་གཏོང་བ། སྐོར་ཞིབ་དང་རྩིས་བཤེར་སོགས་ལས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། དག་ཐེར་གྱི་འགན་འཁྲི་ལག་བསྟར་དང་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་དང་ཕན་འབྲས་ཤེས་རྟོགས་གཏིང་ཟབ་བྱས་ཏེ། གཙོ་བོ་ཁྲལ་སློང་དག་ཐེར་དང་དག་ཐེར་རྫུན་མ་སོགས་ཀྱི་གནད་དོན་འཚོལ་ཞིབ་བྱས་ནས་དག་ཐེར་ལ་ཤུགས་སྣོན་པའི་ཐད་མུ་མཐུད་དུ་བརྡ་རྟགས་མངོན་གསལ་གཏོང་དགོས་པའི་བླང་བྱ་བཏོན།

སྐོར་ཞིབ་བྱ་ཡུལ་གྱི་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་། རང་རྟོགས་ཀྱིས་ལྟ་སྐུལ་དང་ལེན་བྱེད་པ། རང་འགུལ་ངང་སྐོར་ཞིབ་ལ་གཞོགས་འདེགས་བྱེད་པ། དག་ཐེར་དམ་འཛིན་ནན་མོ་བྱེད་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ། བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་ཕབ་གཉིས”ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་རྒྱུ་ཡིན་ཞེས་བསྟན།

ཤེས་གསལ་ལྟར་ན། ཀྲུང་དབྱང་སྐོར་ཞིབ་ཚོགས་པ15ཡིས་ཟླ3པ་ཡས་མས་ལ་སྐོར་ཞིབ་བྱ་ཡུལ་གྱི་ལས་ཁུངས་སོ་སོར་སྐོར་ཞིབ་བྱ་རྒྱུ་ཡིན་པ་དང་། དེའི་རིང་ཆེད་མངགས་ལས་རེས་ཁ་པར་དང་སྦྲག་སྲིད་ཡིག་སྒམ་བཙུགས་ནས་སྐོར་ཞིབ་བྱ་ཡུལ་གྱི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི། རིམ་པ་འོག་མའི་ཏང་རྩ་འཛུགས་ཀྱི་འགན་འཁུར་པ་གཙོ་བོ། ལས་རྐང་གཙོ་བོའི་མི་སྣ་བཅས་ཀྱི་གནད་དོན་སྐོར་ནས་འཕྲིན་ཡིག་དང་ཁ་པར་དང་ལེན་བྱ་རྒྱུ་ཡིན་པ་དང་། གཙོ་གནད་ནི་ཆབ་སྲིད་སྒྲིག་ཁྲིམས་དང་རྩ་འཛུགས་སྒྲིག་ཁྲིམས། སྤྱོད་ཚུལ་སྒྲིག་ཁྲིམས། མང་ཚོགས་སྒྲིག་ཁྲིམས། བྱ་བའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་དང་། སྐོར་ཞིབ་དག་ཐེར་ལེགས་བཅོས་སོགས་ཐད་ཀྱི་གནད་དོན་དང་ལེན་བྱ་རྒྱུ་རེད། སྐོར་ཞིབ་ཚོགས་པས་འཕྲིན་བཅར་དང་ལེན་བྱེད་པའི་དུས་ཚོད་ནི2024ལོའི་ཟླ7པའི་ཚེས12ཉིན་བར་རེད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།