ཀྲུང་གོ་བོད་ཀྱི་དྲ་བ།

2023ལོའི་རྒྱལ་ཡོངས་འཁྲབ་སྟོན་ཚོང་རའི་སྤྱི་ཁོག་དཔལ་འབྱོར་གཞི་ཁྱོན་སྒོར་དུང་ཕྱུར739.94ལ་སླེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་འཁྲབ་སྟོན་ལས་རིགས་མཐུན་ཚོགས་ཀྱིས་ཉེ་སྔོན་ཁྱབ་བསྒྲགས་བྱས་པའི《2023ལོའི་རྒྱལ་ཡོངས་འཁྲབ་སྟོན་ཚོང་རའི་འཕེལ་རྒྱས་གནད་བསྡུས》ལས་མངོན་པ་ལྟར་ན། 2023ལོར། རྒྱལ་ཡོངས་འཁྲབ་སྟོན་ཚོང་རའི་སྤྱི་ཁོག་དཔལ་འབྱོར་གཞི་ཁྱོན་སྒོར་དུང་ཕྱུར739.94ལ་སླེབས་པ་དང2019ལོ་ལས29.30%འཕར་ནས་ལོ་རྒྱུས་ཀྱི་ཆེས་མཐོ་སར་སླེབས་ཡོད། རྒྱལ་ཡོངས་འཁྲབ་སྟོན་བྱེད་ཐེངས་ཁྲི44.06དང2019ལོ་ལས123.55%འཕར་ཡོད། སྒོ་བྱང་ཡོང་འབབ་སྒོར་དུང་ཕྱུར502.32དང2019ལོ་ལས150.65%འཕར། ལྟ་མཁན་མི་ཐེངས་དུང་ཕྱུར1.7ལ་སླེབས་པ་དང2019ལོ་ལས83.01%འཕར་ཡོད།

ཟློས་གར་ཁང་ཆུང་བ་དང་འཁྲབ་སྟོན་སྒྱུ་རྩལ་གྱི་བར་སྟོངས་གསར་བར་ཕྱོགས་ཡོངས་ནས་འཕེལ་རྒྱས་སོང་བའི་རྣམ་པ་མངོན་ཞིང་། 2023ལོར་འཁྲབ་སྟོན་བྱེད་ཐེངས་ཁྲི18.69ལ་སླེབས་པ་དང2019ལོ་ལས471.07%འཕར་ཡོད། སྒོ་བྱང་ཡོང་སྒོ་སྒོར་དུང་ཕྱུར48.03དང2019ལོ་ལས463.13%འཕར་ཡོད། མཚམས་སྦྱོར་བྱས་པ་ལྟར་ན། ཚོང་རའི་སྤྱི་ཡོངས་ལ་བལྟས་ན། འཁྲབ་སྟོན་ཆུང་གྲས་འདི་རིགས་ཀྱི་གསར་རྩོམ་བརྩམས་ཆོས་གསོ་སྐྱོང་དང་གསར་རྩོམ་ཚོགས་པ་གསོ་སྐྱོང་། འཁྲབ་སྟོན་བྱ་བའི་རྣམ་པ་ཕུན་ཚོགས་སུ་གཏོང་བ། ལྟ་མཁན་མང་ཚོགས་གསོ་སྐྱོང་སོགས་ཀྱི་ཐད་ནས་ཕན་འབྲས་མངོན་གསལ་ཐོན་ཡོད།

གླུ་ལེན་ཆེད་ཚོགས་དང་རོལ་དབྱངས་དུས་ཆེན་ཀྱི་སྐུལ་ཁྲིད་ཕན་འབྲས་འབུར་ཐོན་རེད། 2023ལོར་མི2000ཡན་གྱི་གླུ་ལེན་ཆེད་ཚོགས་དང་རོལ་དབྱངས་དུས་ཆེན་ཆེ་འབྲིང་རིགས་ཀྱི་སྒོ་བྱང་ཡོང་འབབ་སྒོར་དུང་ཕྱུར201.71ལ་སླེབས་པ་དང་། 2019ལོ་ལས373.60%འཕར་ཡོད། ཀྲུང་གོའི་འཁྲབ་སྟོན་ལས་རིགས་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་དབྱེ་ཞིབ་བྱས་ནས་བཤད་རྒྱུར། 2023ལོའི་གླུ་ལེན་ཆེད་ཚོགས་དང་རོལ་དབྱངས་དུས་ཆེན་གཞི་རིམ་དུ་བསྐྱོད་པའི་ཕན་འབྲས་མངོན་གསལ་ཡིན་པ་དང་། གྲོང་ཁྱེར་རིམ་པ་གསུམ་པ་དང་བཞི་བ་ནས་སྤེལ་བའི་བསྡུར་ཚད་ཇེ་མང་དུ་སོང་སྟེ། གྲོང་ཁྱེར་བརྒལ་བའི་ལྟ་མཁན་སྐུལ་ཁྲིད་དང་ས་གནས་རིག་གནས་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་སྤེལ་བྱེད་པའི་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།