ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཧྲང་ཅང་དམག་དཔོན་ལ་གོ་ཐོབ་སྟེར་བའི་མཛད་སྒོ་བསྡུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ3པའི་ཚེས28ཉིན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཧྲང་ཅང་དམག་དཔོན་ལ་གོ་ཐོབ་སྟེར་བའི་མཛད་སྒོ་པེ་ཅིན་བརྒྱད་གཅིག་ཐོག་ཁང་ཆེན་མོ་རུ་བསྡུས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་ཐོབ་སྤྲོད་པའི་མཛད་སྒོར་ཞུགས། འདི་ནི་ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་གྱིས་ཧྲང་ཅང་དམག་དཔོན་གྱི་གོ་ཐོབ་རེག་པའི་དམག་དཔོན་དང་མཉམ་དུ་སྐུ་པར་བསྐྱོན་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཧྲང་ཅང་དམག་དཔོན་ལ་གོ་ཐོབ་སྟེར་བའི་མཛད་སྒོ་ཟླ3པའི་ཚེས28ཉིན་པེ་ཅིན་བརྒྱད་གཅིག་ཐོག་ཁང་ཆེན་མོ་རུ་བསྡུས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གོ་ཐོབ་སྤྲོད་པའི་མཛད་སྒོར་ཞུགས། 

ཕྱི་དྲོའི་དུས་ཚོད5ཡི་སྟེང་དུ། གོ་ཐོབ་སྟེར་བའི་མཛད་སྒོ་དེ་བརྗིད་ཉམས་ཆེ་བའི་རྒྱལ་གླུའི་འགྲོས་དང་བསྟུན་ནས་སྤེལ་མགོ་བརྩམས་པ་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་པའི་ཧྲང་ཅང་དམག་དཔོན་ལ་གོ་ཐོབ་སྟེར་བའི་བཀའ་ཁྱབ་སྒྲོག་འདོན་བྱས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧི་ཝེ་ཏུང་གིས་གོ་ཐོབ་སྟེར་བའི་མཛད་སྒོར་མགོ་འཛིན་གནང་།

ཐེངས་འདིར་ཧྲང་ཅང་དམག་དཔོན་གྱི་གོ་ཐོབ་རེག་པའི་དམག་དཔོན་ནི། ཀྲུང་དབྱང་དམག་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་རིན་ཧྭ་དང་རྒྱལ་སྲུང་སློབ་ཆེན་གྱི་སློབ་གཙོ་ཞའོ་ཐན་ལིང་གཉིས་རེད།

ཧྲང་ཅང་དམག་དཔོན་གྱི་གོ་ཐོབ་རེག་པའི་དམག་དཔོན2དཔའ་ཉམས་ལྡན་པའི་ངང་ཀྲུའུ་ཞི་སྟེགས་བུའི་མདུན་ཐད་དུ་ཐོན་པ་ན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོ་གཉིས་ལ་བཀའ་ཁྱབ་ཡི་གེ་སྤྲད་ནས་རྟེན་འབྲེལ་ཞུས། ཧྲང་ཅང་དམག་དཔོན་གྱི་གོ་ཐོབ་དཔུང་རྟགས་བཏགས་པའི་དམག་དཔོན2ཀྱིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་། མཛད་སྒོར་ཞུགས་མཁན་གྱི་བློ་མཐུན་ཡོངས་ལ་གུས་འདུད་ཞུས་པ་ན། ཚོགས་རའི་མི་ཡོངས་ཀྱིས་དགའ་བསུ་བྱས།

གོ་ཐོབ་སྟེར་བའི་མཛད་སྒོ་དེ་སྐད་གསེང་མཐོན་པོའི་དམག་གླུའི་འགྲོས་དང་བསྟུན་ནས་གྲོལ། དེའི་རྗེས་ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་གྱིས་ཧྲང་ཅང་དམག་དཔོན་གྱི་གོ་ཐོབ་རེག་པའི་དམག་དཔོན་དང་མཉམ་དུ་སྐུ་པར་བསྐྱོན།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིའུ་ཀྲིན་ལི་དང་མེའོ་ཧྭ། ཀྲང་ཧྲིན་མེན་བཅས་དང་། དམག་དོན་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་པེ་ཅིན་དུ་སྡོད་པའི་དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་གོ་ཐོབ་སྟེར་བའི་མཛད་སྒོར་ཞུགས། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།